ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་དགོན་གྱི་ལོ་རྒྱུས།
༄༅། ། ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་འདི་བཞིན་ཐོག་མའི་ཕྱག་འདེབས་པ་པོ་ནི་ཕྱི་ལོ་༡༣༦༠སྐུ་བལྟམས་པའི་རྗེ་ཕག་མོ་གྲུབ་པའི་རྒྱུད་འཛིན་ཆོས་རྗེ་རིན་ཆེན་གཞོན་ནུ་དང་ཁོང་གི་བླ་མ་རྡོར་འཛིན་སངས་རྒྱས་རྒྱལ་མཚན་གཉིས་ནས་ཕྱི་ལོ་ཆིག་སྟོང་བཞི་བརྒྱའི་སྔ་དུས་སུ་བཞེངས། རིམ་བཞིན་ཕག་གྲུའི་རྒྱུད་འཛིན་ཉག་ཕྲར་སོང་རྗེས་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་ལ་ཕུལ། ཁོང་གིས་གཙུག་ལག་ཁང་སྟེང་ཤོད་དང་མགོན་ཁང་བཅས་གསར་བསྐྱེད་མཛད། དེ་ནས་མི་རིང་བར་དགའ་ལྡན་ཕོ་བྲང་པས་བོད་ཁམས་ཡོངས་ལ་དབང་སྒྱུར་རྗེས་ཆུ་དབར་སྒྲུབ་སྡེ་དེ་བཞིན་ཞྭ་སེར་གྱི་བསྟན་པ་འཛིན་པའི་བསླབ་གཙང་གི་སྡེ་རྣམ་དག་ཏུ་བསྒྱུར། མཚན་དགའ་ལྡན་འགྲོ་ཕན་གླིང་ཞེས་གསོལ། མདོར་ན་ཕག་གྲུ་ནས་ཀམ་ཚང་། ཀམ་ཚང་ནས་དགེ་ལུགས་སུ་བསྒྱུར་ནས་ད་བར་མ་མཐར་ཡང་ལོ་ངོ་༦༦༠སྐོར་གྱི་ལོ་རྒྱུས་ལྡན་པའི་དགོན་སྡེ་ཞིག་ཡིན།
དགེ་འདུན་ཞལ་གྲངས། དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོའི་ནང་གསལ་ལྟར་ན་དགོན་སྡེ་ཨང་དང་པོའི་གྲས་དང་། གྲྭ་གྲངས་༤༡གསལ་ཡོད། ད་ཡོད་ཞལ་གྲངས་༢༥ཡིན།
མདོ་སྔགས་ཀྱི་བསླབ་པ་སློབ་གཉེར་སྐོར།
རྒྱལ་མཆོག་ལྔ་པ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོའི་བཅའ་ཡིག་ནང་གསལ་ལྟར་འདུལ་བ་ཀཱ་རི་ཀཱ་ནས་གཞི་བཅུ་བདུན་བར་གྱི་དགེ་ཚུལ་སློང་གི་བསླབ་ཁྲིམས་དགོངས་དོན་ངོ་ཤེས་པའི་སྟེང་ནས་དགོན་པའི་རྒྱུགས་ཆེན་དང་པོ་གཉིས་པ་གསུམ་པ་ཕུལ་རྗེས་དགོན་པའི་བླ་མ་དང་སློབ་དཔོན་གྱི་ཞལ་སྔ་ནས་དང་གཞན་ཡང་དགེ་འདུན་གྲྭ་བགྲེས་རྣམས་ཀྱི་དྲུང་ནས་མདོ་སྔགས་ཀྱི་སྒྲུབ་མཆོད་ཁག་བདུན་དང་དེ་འབྲེལ་གྱི་སྦྱིན་སྲེག་སོགས་ཞི་རྒྱས་མངོན་སྤྱོད་ཀྱི་ལས་རྣམས་སྦྱོར་དངོས་རྗེས་གསུམ་གྲངས་ཚང་ལ་གོ་རིམ་མ་ནོར་བའི་སློབ་གཉེར་གནང་དགོས་པ་ཡིན།
ཞར་བྱུང་སྐད་ཡིག་སློབ་གཉེར།
སློབ་དཔོན་ཐུ་མི་བཀའ་དྲིན་ཅན་གྱིས་མཛད་པའི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་སྙན་ངགགཞན་ཡང་ལུགས་གཉིས་ཀྱི་བསླབ་བྱའི་བསྟན་བཅོས་ཁག་དང་ཆོས་འབྱུང་། དབྱིན་ཇི་སྐད་ཡིག་འཛིན་གྲྭ་དང་པོ་ནས་བཅུ་པའི་བར། དེ་བཞིན་རྒྱ་མིའི་སྐད་ཡིག་འཛིན་རིམ་དང་པོ་ནས་བརྒྱད་པའི་གནས་ཚད། མི་རིང་བར་བལ་པོའི་སྐད་ཡིག་འཛིན་གྲྭ་འཛུགས་རྒྱུ།
གཞུང་ཆེན་སློབ་གཉེར་ཡིག་ཆ།
རྗེ་ཡབ་སྲས་གསུམ་གྱི་ཡིག་ཆ་གཙོ་བོ་དང་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་བློ་གླིང་དང་སེར་སྨད་ཀྱི་ཡིག་ཆ་གཟིགས་རྟོག་མཛད།