ས་གནས། འཕགས་ཤིང་གྲུབ་དགོན་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་པ། ཚོགས་དུས། ཕྱི་ཟླ་ ༡༠ ཚེས་ ༡༤ ནས་ཚེས་ ༢༨ བར། ཐོག་མར་དེ་ལ་བལ་ཡུལ་ནང་གི་ནང་པའི་ལོ་རྒྱུས་ནང་ཧ་ཅང་གི་གལ་ཆེ་བའི་རང་བཞིན་ནང་པའི་དགོན་སྡེ་ཁག་འདུ་འཛོམས་ཀྱིས་རྣམ་འགྲེལ་ཆོས་ཐོག་འཇང་དགུན་ཆོས་འདི་ཉིད་གསར་དུ་ཚུགས་ནས་ད་བར་ལོ་ངོ་ ༡༠ ཧྲིལ་པོར་འཁོར་བའི་རྟེན་འབྲེལ་བཟང་པོའི་ཉིན་དགུན་ཆོས་ཆེན་མོ་ཡར་ཚོགས་ཀྱི་མཛད་སྒོའི་ཐོག་མངོན་པར་མཐོ་བའི་བཞུགས་ཁྲིའི་སྟེང་དུ་བཞུགས་པའི་རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བྱིན་ཅན་མཐོང་གྲོལ་རིན་པོ་ཆེ་ལ་སྒོ་གསུམ་གུས་ཕྱག་དང་། དེ་ནས་ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་ཁག་བཅུའི་དཔེ་ཁྲིད་རྒན་རྣམ་པས་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། དེ་ནས་མཛད་བྲེལ་དུ་མའི་དཀྱིལ་ནས་མཛད་རིམ་འདིར་དངོས་སུ་ཞབས་ཀྱི་བཅགས་པའི་སྐུ་མགྲོན་གྱི་གཙོ་བོ་སྐུའི་སྐུ་ཚབ་སྐུ་དངོས་ཚུལ་ཁྲིམས་རྒྱ་མཚོ་མཆོག། དེ་བཞིན་དམིགས་གསལ་སྐུ་མགྲོན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་སློབ་དཔོན་ནོར་བུ་མཆོག། ས་གནས་འགོ་འཛིན་སྐུ་དངོས་སྐལ་བཟང་དོན་གྲུབ་ལགས། དགོན་སྡེ་ཁག་གི་དབུ་འཛིན་རྣམ་པ། སློབ་ཕྲུག་རྣམ་པ། དེ་ག་ནང་བཞིན་འདི་གའི་བལ་ཡུལ་དགེ་ལུགས་ཀྱི་སྨོན་ལམ་ཆེན་མོ་དང་། འཇང་དགུན་ཆོས་སོགས་སུ་གང་ཅིའི་ཐད་དཔུང་པ་མཉམ་གཤིབས་ཀྱིས་རྟག་ཏུ་སྦྱིན་བདག་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཚང་མ་ལ་ཐོག་མར་བལ་ཡུལ་དགེ་ལུགས་དགོན་པ་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལོ་སྔོན་སྤོ་རོང་ཆོས་སྡེ་གླིང་དགོན་པར་འཇང་དགུན་ཆོས་ཚུགས་སྐབས་ཞུས་པ་བཞིན་འཇང་དགུན་ཆོས་འདི་ཐོག་མར་གདན་ས་གསུམ་དང་ས་སྐྱ་གཙོ་བྱས་ནས་དགུན་གའི་དུས་སུ་སྐྱིད་སྨད་ལྗང་ཕུ་དགོན་པར་གཙོ་བོར་རྣམ་འགྲེལ་ཆོས་ཐོག་ཚོགས་སྲོལ་བྱུང་བ་ནས་བཟུང་འཇང་དགུན་ཆོས་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དུས་ཆོས་ཆེན་མོ་འདི་ལོ་བཅུ་ཕྲག་གཅིག་ཙམ་སྔོན་ལ་བལ་ཡུལ་རྒྱལ་ཁབ་འདིའི་ནང་དགོན་པ་རེ་ཟུང་ལ་རག་ཙམ་ཡོད་ན་མ་གཏོགས་མིང་ཙམ་ཐོས་དཀའ་བའི་གནད་དོན་ཞིག་ཏུ་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ་མཁྱེན་དགོན་ངེས་ཀྱང་རེད། ད་ཆ་སྤྱིར་༸གོང་ས་སྐྱབས་མགོན་ཆེན་པོ་དང་ཁྱད་པར་དུ་བལ་ཡུལ་དགོན་ཁག་གི་དབུ་ལས་སྣེ་རྣམ་པ་དང་ལྷག་པར་དུའང་དགོན་ཁག་གི་ཤེས་ཡོན་འགན་འཛིན་དང་དགེ་བའི་བཤེས་གཉེན་རྣམ་པ། དམིགས་གསལ་གྱིས་དགེ་ལྡན་ལྷན་ཚོགས་འདི་ཕྱག་འདེབས་པ་པོ་དང་རྒྱུན་ལས་རྣམ་པས་ཕུག་རྒྱང་རིང་པོའི་དགོངས་བཞེས་ཀྱིས་ཧུར་བརྩོན་གནང་འབྲས་སུ་གོ་ལ་འདིའི་སྟེང་ཡོངས་སུ་གྲགས་པའི་དམ་པའི་ཆོས་འདི་ལ་རིག་ལམ་གྱི་སྟེང་ནས་སློབ་གཉེར་བྱ་འདོད་ཡོད་དོ་ཅོག་ལ་ལྡིང་ཆ་ཁྱད་པར་ཅན་ཞིག་ཐོབ་ཡོད་པ་ད་ལྟ་ང་རང་ཚོའི་མིག་ལམ་དུ་ཡོད་པ་འདི་ཡིན། སྒྲུབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་རེད། དེའི་སྒྲུབ་བྱེད་དུ་འབྲས་བུ་རིམ་གྱིས་པ་ལྟ་བུ་མདོ་ལམ་དང་མཐོ་བརྒལ་བ་ལྟ་བུ་སྔགས་ལམ་གཉིས་དེ་རེད། མདོ་སྔགས་གཉིས་ཀའི་ལམ་ལ་མེད་དུ་མི་རུང་བའི་གནད་དོན་དེ་ནི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་དེ་ཆགས་བསྡད་ཡོད། དེ་གཉིས་ཀྱང་༸གོང་ས་མཆོག་ནས་ཡང་ནས་ཡང་དུ་གསུངས་པ་བཞིན་ཤེས་ནས་ཉམས་སུ་ལེན་དགོས་པ་ལས་དད་པ་དང་ཡིད་ཆས་ཙམ་གྱིས་ཕན་ནུས་དེ་ཙམ་མེད་པ་དེ་རིག་ལམ་ལ་མ་སྦྱངས་པའི་སྐྱེས་བོ་ཕལ་པས་ཀྱང་ར་སྤྲོད་ཙམ་གྱིས་ཤེས་ཐུབ། ཤེས་ནས་ཉམས་སུ་ལེན་པ་ལའང་བརྟགས་པ་དང་དཔྱད་པ་རྒྱུད་ལ་སྦྱོར་བ་དང་ཉམས་སུ་མྱོང་བའི་བརྒྱུད་རིམ་ཞིག་གི་སྟེང་ནས་འགྲོ་དགོས་པ་ཡིན། དེ་ལ་ཕར་ཕྱིན་གྱི་གོ་དོན་འཐིལ་ཕྱིན་པ་ཞིག་རྙེད་ཐབས་ལ་རྣམ་འགྲེལ་ལེའུ་གཉིས་པའི་བདེན་བཞིའི་སྐོར་རྣམས་ལ་གོ་བ་ཆགས་པ་སྔོན་དུ་སོང་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད། དེ་བཞིན་ཡང་དག་པའི་ལྟ་བ་སྟོན་པའི་དབུ་མའི་གཞུང་དག་གི་དགོངས་པ་སྤྱིས་ཕྱིན་པ་ཞིག་རྙེད་པ་ལ་རྣམ་འགྲེལ་ལེའུ་གསུམ་པའི་མངོན་རྗེས་སྐོར་ལ་གོ་བ་ཆགས་པ་ཞིག་སྔོན་དུ་སོང་ན་ཉམས་ལེན་གྱི་འབོགས་འདོོན་ཡང་ཆགས་རྒྱུ་རེད། དེ་ག་ནང་བཞིན་མངོན་པ་མཛོད་ཀྱི་གཞུང་དེ་ཚོ་རྣམ་འགྲེལ་ནས་གསུངས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྐོར་དང་འབྲེལ་ནས་བལྟ་དགོས་པ་དང་། དམ་ཆོས་འདུལ་བའི་གཞུང་དེ་ཚོ་ལ་གཞལ་བྱ་ཤིན་ལྐོག་སྐོར་དང་འབྲེལ་ནས་བལྟ་དགོས་པ། དྲང་ངེས་ཀྱི་གཞུང་དེ་ཚོ་གཞན་སེལ་ལ་སོགས་པ་དང་འབྲེལ་ནས་བལྟ་དགོས་པ། གང་དག་ཀྱང་གཞུང་ཆེན་ཀ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་འོང་སླད་རྣམ་འགྲེལ་འདི་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པ་འདི་ངས་མཁས་མདོག་བྱས་ནས་བཤད་པ་མིན་པ་སྔ་མོ་ནས་གཞུང་དེ་ཚོ་ཕན་ཚུན་འབྲེལ་ནས་སློབ་གཉེར་གནང་སྲོལ་ཡོད་པའི་ལོ་རྒྱུས་དེ་ཚོ་གཟིགས་ཙམ་གནང་དང་མཁྱེན་གྱི་རེད། སྤྱིའི་ཆ་ནས་སློབ་ཕྲུག་ཆུང་བ་ཚོ་ཡིན་ནའང་ང་རང་ཚོ་རབ་འབྱུང་བ་རྣམ་པ་ཚོས་མགོའི་སྐྲ་གཞར་ནས་སྡོད་དགོས་པ་གང་ཡིན་ནམ། ན་བཟའ་དམར་སེར་གང་རུང་ཞིག་མནབས་ནས་སྡོད་དགོས་པ་གང་ཡིན་ནམ། མཐའ་ན་ཤམ་ཐབས་ཀྱི་ཚུལ་སྟོད་པ་ལའང་དགོས་པ་རེ་ཡོད་རེད་དེ་ཚོ་གང་ཡིན་ནམ། གསོ་སྦྱོང་བྱེད་དགོས་པ་གང་ཡིན་ནམ། དབྱར་གནས་བཞུགས་དགོས་པ་གང་ཡིན་ནམ། རབ་འབྱུང་བ་དང་དགེ་ཚུལ་སློང་གྱི་སྡོམ་པའི་ཁྱད་པར་གང་ཡོད་དམ།…
read moreསྤྱིར་འཛམ་བུ་གླིང་འདིའི་སྟེང་དུ་ནང་པ་སངས་རྒྱས་པ་བྱུང་ནས་ལོ་ངོ་༢༦༠༠ ཟིན་ལ་ཉེ་བ་ཞིག་ཆགས་ཡོད།
read moreདེ་རིང་ལོ་རྒྱུས་རང་བཞིན་ཅན་གྱི་མཛད་རིམ་འདིར་་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གཞན་གྱི་དོན་དུ་བདེ་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན།
read moreཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་ནས། ༄༅། །སྐྱབས་གནས་འདུས་པ་རྒྱ་མཚོ་དང་སྐུའི་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་མཆོག་མཚན་ནས་སྨོས་ན་༸སྐྱབས་རྗེ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོ་མཆོག་དབུས་པའི་ཆོས་ཞུ་བ་ཡོངས་ལ་ཞུ་རྒྱུར། རིན་པོ་ཆེ་མཆོག་སྤྱིར་བལ་ཡུལ་ཁུལ་དང་ཁྱད་པར་རང་ཅག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་ཚོགས་རྒྱུའི་འཇང་དགུན་ཆོས་ཀྱི་དུས་བཟང་པོ་དང་གནས་བཟང་པོ་འཕགས་པ་ཤིང་ཀུན་མཆོད་རྟེན་དུ་དེ་རིང་ལྷ་དཀར་གྱི་ཉིན་མོར་ཞབས་སོར་ཁོད་པར་ཐོག་མར་བཀའ་དྲིན་བླ་ལྷག་དུ་ཆེ་ཞུ་རྒྱུ་ཡིན། འགྲོ་དོན་དུ་མས་མཛད་བྲེལ་གྱི་དཀྱིལ་ནས་འདི་གའི་ལྷན་ཚོགས་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་འདིར་ཕེབས་པ་ཙམ་དུ་མ་ཟད་གསུང་ཆོས་དང་བཀའ་སློབ་ཀྱི་བཀའ་དྲིན་སྐྱང་བར་སླར་ཡང་བལ་ཡུལ་དགེ་ལྡན་དགོན་པ་ཡོངས་ཀྱི་ཚབ་ཞུས་ཏེ་གུས་པ་ཆེན་པོའི་སྒོ་ནས་སྙིང་ཁོངས་རུས་པའི་རྟིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྙན་སེང་ཞུ་རྒྱུར། བལ་ཡུལ་རྒྱལ་ཡོངས་ནང་སྤྱིར་སྟངས་དགོན་པ་བཞི་སྟོང་ཙམ་ཡོད་པ་ཚོད་དཔག་བྱེད་ཀྱིན་ཡོད་ལ་གཞུང་ལ་དེབ་སྐྱེལ་བྱས་པ་ ༢༢༠༠ ལྷག་ཡོད་པ་ཡིན། དེའི་ཁོངས་ནས་དགེ་ལུགས་དགོན་པ་ ༢༨ ཡན་མན་ཞིག་ཡོད་པར་གྲགས་ཀྱང་དགོན་པ་ཆེ་ཆུང་ཡོངས་བསྡོམས་ ༡༥ ཙམ་ངོས་འཛིན་ཐུབ་པ་ཡོད། དེའི་ནང་ནས་བཙུན་དགོན་གཉིས་ཡོད། ཀཋ་མནྜུ་ཁུལ་གྱི་དགེ་ལུགས་དགོན་ཁག་བཅུ་ནས་༸སྤྱི་ནོར་གོང་ས་མཆོག་གི་བཀའ་དགོངས་ལྟར་སློབ་གཉེར་ཡར་རྒྱས་གཏོང་སླད་སྤྱི་ལོ་ ༢༠༠༩ ནས་བཟུང་ལོ་ལྟར་འཇང་དགུན་ཆོས་དང་༢༠༡༠ ནས་དགེ་ལུགས་རྒྱུགས་སྤྲོད་ཚུགས་ཐུབ་པ་བྱུང་ཡོད། འཇང་དགུན་ཆོས་འདིའི་རིང་བར་སྐབས་ཞིག་ནས་དགེ་ལུགས་དགོན་པ་ཙམ་དུ་མ་ཟད་རིས་སུ་མ་ཆད་པའི་དགོན་པ་ཁག་མཉམ་བཞུགས་བྱེད་སྒོ་ཚུགས་ཡོད། དེ་བཞིན་སློབ་གྲྭའི་སློབ་ཕྲུག་ཁག་ནས་ཀྱང་ཅི་ཐུབ་མཉམ་བཞུགས་གནང་མུས་ཡིན་ལ་མ་འོངས་པར་འདི་ལས་ཀྱང་རྒྱ་ཆེ་བར་འགྲོ་རྒྱུའི་རེ་བ་བྱེད་བཞིན་ལགས། ད་ལོའི་འཇང་དགུན་ཆོས་འདི་ལ་མཚོན་ནའང་དགོན་ཁག་བཅུ་གསུམ་དང་དགེ་འདུན་པ་ཞལ་གྲངས་༥༠༠་མ་ཟིན་ཙམ་མཉམ་བཞུགས་བྱས་ཡོད། འདི་བཞིན་ལོ་ལྟར་ཡར་རྒྱས་གཏོང་རྒྱུ་དང་དེ་ལ་བརྟེན་ནས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཧི་མ་ལའི་རིགས་རྒྱུད་རྣམས་ལ་ཇི་ལྟར་ལམ་སྟོན་གནང་བ་ལྟར་བོད་རྒྱུད་ནང་བསྟན་འདི་དར་སྤེལ་གཏོང་རྒྱུ་མ་ཟད་རིམ་པས་རྒྱལ་ཁག་འདི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་སྙན་སེང་གི་ཚུལ་དུ་ཞུ་རྒྱུ་ཡིན། དགེ་འདུན་དམངས་ལ་མཚོན་ནའང་རིན་པོ་ཆེ་མཆོག་ནས་རང་ཅག་ཚང་མས་རྒྱུན་ལྡན་ནས་ཞལ་འདོན་གནང་བཞིན་པའི་དམིགས་བརྩེ་མ་དང་དགའ་ལྡན་ལྷ་བརྒྱ་མ། དེ་བཞིན་༸གོང་ས་མཆོག་གིས་བཀའ་གདམས་གཞུང་པ་བའི་གཞུང་དྲུག་གི་འཆད་ཁྲིད་བར་སྐབས་ཆད་ཡོད་ནའང་བཤད་ལུང་ཙམ་ཡིན་རུང་སྲོལ་སྟོད་གལ་ཆེན་གཟིགས་ནས་བཤད་ལུང་གནང་བ་མང་ཆེ་བ་ལ་ཐོབ་ཡོད་རུང་བཀའ་གདམས་གཞུང་པ་བའི་ཉམས་ལེན་གྱི་གཞུང་མང་པོ་ཡོད་པའི་ནང་ནས་བསྡུས་ཤོས་བློ་སྦྱོང་ཚིགས་བརྒྱད་མ་དང་དོན་བདུན་མ་གཉིས་ཀྱི་བཤད་ལུང་ཐོབ་རྒྱུ་དེ་གལ་ཆེ་བར་བསམ་ནས་མཆོག་སྤྲུལ་རིན་པོ་ཆེ་ལ་ཞུ་བ་བཞིན་ཐུགས་རྗེས་གཟིགས་སྐྱོང་གནང་བའི་བཀའ་དྲིན་འདི་ནི་རང་ཅག་བལ་ཡུལ་དགེ་ལྡན་པ་ཡོངས་ལ་ད་ལོའི་འཇང་དགུན་ཆོས་ཐེང་བཅུ་པ་འདིའི་དྲན་རྟེན་སྨད་དུ་བྱུང་བ་ཞིག་ཏུ་འགྱུར་རྒྱུའི་ལྷན་ཚོགས་ཀྱི་རྒྱུན་ལས་ཡོངས་ནས་རེ་བ་དང་ཡིད་ཆེས་བྱེད་བཞིན་པ་ལགས། ད་རེས་བློ་སྦྱོང་གི་གཞུང་འདི་གཉིས་ཀྱི་བཤད་ལུང་ཐོབ་པ་ལ་བརྟེན་ནས་དགེ་འདུན་པ་གསར་རྙིང་ངམ་རྒན་གཞོན་ཚང་མས་སློབ་གཉེར་ཇི་ཙམ་ཡར་རྒྱས་ཕྱིན་པའི་ཚོད་ཀྱིས་ཉམས་ལེན་ཡང་རིམ་པས་བརྒྱ་ཆ་ ༥ དང་ ༡༠ དང་བྱས་ནས་རིམ་པས་བརྒྱ་ཆ་ ༡༠༠ རུ་འགྱུར་ཐུབ་པ་ཞིག་བྱ་དགོས་རྒྱུ་ནི་རང་ཅག་རབ་འབྱུང་བ་ཚང་མའི་ལས་འགན་ཡིན། དེ་ལྟར་བྱས་པ་ལ་བརྟེན་ནས་རང་ཅག་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་ཚེ་བསྐལ་བ་བརྒྱ་ཕྲག་བཞུགས་པ་དང་། དེ་བཞིན་མཆོག་སྤྲུལ་རིན་པོ་ཆེ་ཡིན་ནའང་སྐུའི་འགལ་རྐྱེན་ཚང་མ་ཞི་ནས་འགྲོ་དོན་མཛད་པ་ཆེས་ཆེར་རྒྱས་པ་དང་། མ་འོངས་པ་ཡིན་ནའང་བལ་ཡུལ་གྱི་ཁུལ་འདིར་ཡང་ནས་ཡང་དུ་ཕེབས་ཐུབ་པ་དང་། དེ་བཞིན་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེ་བོ་ཐམས་ཅད་སྐུ་ཚེ་བསྐར་བརྒྱར་བཞུགས་པའི་གསོལ་འདེབས་དང་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
read more