༄༅། །དེ་རིང་ལོ་རྒྱུས་རང་བཞིན་ཅན་གྱི་མཛད་རིམ་འདིར་ཞྭ་སེར་བསྟན་པའི་བདག་པོ་མཉམ་མེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གཞན་གྱི་དོན་དུ་བདེ་བར་གཤེགས་ནས་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་སླད་འདི་གའི་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་བལ་ཡུལ་སྨོན་ལམ་ཚོགས་པ་ཟུང་འབྲེལ་གྱིས་བྱེད་སྒོ་སྣ་མང་ཞིག་གོ་སྒྲིག་བྱེད་འཆར་ཁོངས་ནས་མཛད་རིམ་དང་པོ་”བལ་ཡུལ་དགེ་ལུགས་དགོན་ཁག་བཅུའི་སློབ་གཉེར་བ་རྣམ་པ་གཞུང་ཆེན་ཕར་ཕྱིན་ཐོག་བགྲོ་གླེང་” གི་ཐོག་མངོན་པར་མཐོའི་བཞུགས་ཁྲིའི་སྟེང་དུ་བཞུགས་པའི་རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བྱིན་ཅན་མཐོང་གྲོལ་རིན་པོ་ཆེ་ལ་སྒོ་གསུམ་གུས་ཕྱག་དང་། དེ་ནས་ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་ཁག་བཅུའི་དཔེ་ཁྲིད་རྒན་རྣམ་པ་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། དེ་ནས་མཛད་བྲེལ་དུ་མའི་དཀྱིལ་ནས་མཛད་རིམ་འདིར་དངོས་སུ་ཞབས་ཀྱི་བཅགས་པའི་སྐུ་མགྲོན་གྱི་གཙོ་བོ་སྐུའི་སྐུ་ཚབ་སྐུ་དངོས་ཚུལ་ཁྲིམས་རྒྱ་མཚོ་མཆོག། དེ་བཞིན་དམིགས་གསལ་སྐུ་མགྲོན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་སློབ་དཔོན་ནོར་བུ་མཆོག། ས་གནས་འགོ་འཛིན་རྩིབ་རི་ལོ་པན་རིན་པོ་ཆེ་མཆོག དགོན་སྡེ་ཁག་གི་དབུ་འཛིན་རྣམ་པ། རིས་མེད་དགོན་པ་ཁག་གི་སློབ་ཕྲུག་རྣམ་པ། སློབ་གྲ་ཁག་གི་སློབ་ཕྲུག་རྣམ་པ། དེ་ག་ནང་བཞིན་འདི་གའི་བལ་ཡུལ་དགེ་ལུགས་ཀྱི་སྨོན་ལམ་ཆེན་མོ་དང་། འཇང་དགུན་ཆོས་སོགས་སུ་གང་ཅིའི་ཐད་དཔུང་པ་མཉམ་གཤིབས་ཀྱིས་རྟག་ཏུ་སྦྱིན་བདག་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཚང་མ་ལ་ཐོག་མར་བལ་ཡུལ་དགེ་ལུགས་དགོན་པ་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
རང་ཅག་གང་ཅན་ལྗོངས་ཀྱི་ཁྱད་ནོར་བོད་བརྒྱུད་ནང་བསྟན་འདི་ཉིད་སྔར་གྱི་ཆོས་རྒྱལ་རྣམ་པས་མ་འོངས་སྔོན་གཟིགས་ཀྱིས་གཞི་བརྟན་ལ་རྒྱ་ཆེར་དར་སྤེལ་གནང་ནའང་བརྒྱ་ཕྲག་བཅུ་གསུམ་ཡན་མན་ལ་ཧ་ཅང་གི་ཉག་ཕྲ་བའི་གནས་སུ་གྱུར་སྐབས་མཉམ་མེད་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་བསྟན་པ་དག་ཐེར་དང་དར་སྤེལ་ཇི་ཙམ་གནང་བ་ནི་ལོ་རྒྱུས་དང་ཆོས་འབྱུང་མཇལ་མྱོང་མཁན་ཚང་མས་མཁྱེན་གསལ་རེད། གང་གི་བཀའ་དྲིན་དེ་བོད་རྒྱུད་ནང་པ་ཡོངས་ནས་བསྐལ་བའི་བར་གཞལ་ནའང་འཇལ་ཐུབ་དཀའ་བ་ཡིན་མིན་ནི་གང་ཟག་བློ་གཟུ་བོར་གནས་མཁན་ཞིག་ཡིན་ན་སླར་ཡང་ཞུ་དགོས་དོན་ག་ལ་ཡོད།
རྗེ་བླ་མ་ཐམས་ཅད་མཁྱེན་པ་ནི་ཁོང་གི་ལོ་རྒྱུས་ཐོས་པ་ཙམ་གྱིས་དེང་གི་དུས་སུའང་སླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་མིག་དཔེ་མཆོག་ཏུ་འགྱུར་བ་ཞིག་རེད་ལ། ལྷག་པར་ཉམས་ཞིབ་པ་ཚོ་ལ་ཡིན་ནའང་ཉམས་ཞིབ་བྱེད་ལུགས་དང་། རྩོམ་པ་པོ་ཞིག་ཡིན་ནའང་བསྟན་བཅོས་རྩོམ་ལུགས། སྙན་ངག་པ་དེ་འདྲ་ཡིན་ནའང་སྡེབ་འབྱོར་རྒྱག་ལུགས་སོགས་ལ་འདྲན་ཟླ་མེད་པས་དམིགས་དཔེ་མཆོག་ཏུ་འགྱུར་བ་ཞིག་རེད། དེའི་སྐབས་ཀྱི་གསུང་རྩོམ་མང་པོ་ཞིག་ལས་སླ་སའི་ཐད་གང་རྒྱས་དང་དཀའ་གནད་ཐད་ལ་གང་བསྡུ་བྱེད་ལུགས་ལས་ལྡོག་སྟེ་སླ་ས་ལ་གང་བསྡུ་དང་དཀའ་གནད་ཐད་ལ་གང་རྒྱས་མཛད་ལུགས་དེ་ནི་རྗེ་བླ་མའི་མཐུན་མོང་མིན་པའི་མཛད་པ་ཞིག་ཡིན།
དུས་འགྱུར་གྱིས་རྐྱེན་ངན་སྣ་ཚོགས་པ་ཞིག་བྱུང་ཡང་སྔོན་གྱི་ཆོས་རྒྱལ་མེས་དབོན་ཚོའི་ཐུགས་སྐྱེད་སྨོན་ལམ་དང་དབུ་ཁྲིད་བཟང་པོ་༸གོང་ས་མཆོག་ལ་སོགས་པའི་བླ་མ་སྐྱེས་ཆེན་དམ་པ་མང་པོའི་སྐུ་དྲིན་ལས་ས་དགེ་བཀའ་རྙིང་གིས་མཚོན་པའི་བོད་བརྒྱུད་ནང་པའི་ཆོས་བརྒྱུད་ཡོངས་རྫོགས་ཀྱི་བསྟན་པའི་མེ་རོ་གསོ་བ་ཙམ་དུ་མ་ཟད་དེང་གི་ཆར་འཛམ་གླིང་ཡུལ་ཁྲུ་ཀུན་ཏུ་གདེང་སྤོབས་ཆེན་པོ་ཐོབ་ཡོད། ཁོང་རྣམ་པ་ཚོས་སྐུ་ངལ་སྐྱོན་པ་དེ་དག་ཀྱང་བཤད་པ་དང་སྒྲུབ་པ་གཉིས་ཀའི་ཐོག་ནས་གནང་བ་མ་ཟད་རང་བཞིན་གྱི་བླ་མ་དང་སློབ་མ་ཕན་ཚུན་དད་པ་དང་དམ་ཚིག། ཆོས་རྒྱུད་ཕན་ཚུན་ཡིན་ནའང་ཐུབ་པའི་དགོངས་པ་གཅིག་ཏུ་གཞོལ་ནས་ཕན་ཚུན་དག་སྣང་དང་། ཕན་ཚུན་མཇལ་ཁ་ཞུ་རེས་དང་ཆོས་ཞུ་རེས་ལ་སོགས་པའི་མཐུན་འབྲེལ་གྱིས་བོད་ཡོངས་རྫོགས་ཆོས་ལྡན་གྱི་ཞིང་ཁམས་ཞིག་ལ་བསྐྲུན་གནང་ཡོད་པ་ལོ་རྒྱུས་ལ་ཕྱིར་ལྟས་ཙམ་དང་རྣམ་ཐར་ཁག་ལ་མཇལ་ཙམ་བྱས་པས་ཀྱང་ཤེས་ཐུབ།
གང་ལྟར་ཀྱང་རང་ཅག་ཚང་མས་ད་ལྟའི་དུས་དེ་ཅི་འདྲ་ཞིག་ཡིན་པ་མཁྱེན་དགོས། དེའང་གོང་དུ་ཞུས་པ་བཞིན་སྔོན་གྱི་སྐྱེས་ཆེན་དམ་པ་ཁག་གི་མཛད་ཆེན་ཁག་ལ་ཕྱིར་ལྟས་ཞིག་བྱས། ད་ལྟའི་གནས་སྟངས་ལ་དགོང་པ་ཞིག་བཞེས། ཐུབ་རུང་མ་ཐུབ་རུང་ལས་འགན་ཁྱེར་བའི་བདག་ཅག་ལྟ་བུ་བསྟན་པ་འཛིན་མཁན་གྱི་དཀྱིལ་འཁོར་ནང་བཞུགས་མཁན་ཚོས་ཕྱག་ལས་གནང་སྟངས་དང་དགོངས་པ་བཞེས་སྟངས། འདིའི་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་མཛད་འཕྲིན་ལ་ཞབས་འདེགས་སུ་འགྲོ་བ་འདུག་གམ་ཡང་ན་ཆུ་དང་ཉ་མོ་འདྲེས་པ་ལྟ་བུ་ཅི་ཡིན་དང་འདི་ཡིན་མེད་པ་ཞིག་ཏུ་འགྱུར་ཉེན་འདུག་དཔྱད་དགོས་པ་ཧ་ཅང་གི་གལ་ཆེན་པོར་ཚོར་བ་ད་ལྟའི་གོ་སྐབས་དེ་བརྒྱུད་ནས་ཞུ་འདོད་བྱུང་། ཡང་སྐབས་རེར་དུས་ཀྱི་འགྱུར་བ་ལ་ནི་སངས་རྒྱས་རང་གིས་ཀྱང་འགོག་ཏུ་མེད་སྙམ་པའི་བློ་དེ་འདྲ་འཆར་ནའང་། གཏེར་སྟོན་ཨོ་རྒྱན་གླིང་པས་བསམ་ཡས་མཆིམས་ཕུ་ནས་གཏེར་ནས་སྤྱན་དྲངས་པའི་བཀའ་ཐང་བསྡུས་པ་ལས། སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔ ཞེས་གསུངས་པ་དེ་ཚོའང་ང་ཚོས་ཡང་ནས་ཡང་དུ་དྲན་དགོས་སམ་སྙམ།
ལྷག་པར་བལ་ཡུལ་གྱི་ཁུལ་འདིར་རང་ཅག་(བོད་བརྒྱུད་ནང་བསྟན་པ་)ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་སྔོན་བྱུང་བླ་མའི་མཛད་པ་རང་ཉིད་ཀྱི་ཅི་བསྒྲུབ་དང་གཞན་ལའང་གང་ཐུབ་ཀྱིས་སྒྲུབ་པ་ཉམས་ལེན་གྱི་འཁོར་ཡུག་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་པ་མིན་ནམ་སྙམ།
དེ་ལྟར་སོང་ཙང་ད་ལོའི་ལོ་འདི་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་གཅིག་པའི་རྗེ་བླ་མ་མཚན་ནས་སྨོས་ན་འཇམ་མགོན་བླ་མ་བློ་བཟང་གྲགས་པས་འཛམ་བུ་གླིང་འདིར། དང་པོར་རྒྱ་ཆེན་མང་དུ་ཐོས་པ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། ཞེས་གསུངས་པ་ལྟར་གྱི་མཛད་པ་མཐའ་ཡས་པ་བསྐྱངས་ཏེ་མཐར་འདུལ་བྱ་གཞན་གྱི་དོན་དུ་བདེ་བར་གཤེགས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་རྗེས་དྲན་སྲུང་བརྩི་རུ་བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་སྨོན་ལམ་ཚོགས་པ་གཉིས་ནས་ད་རིང་བོད་ཟླ་ ༩ པའི་ཚེས་ ༡༠ ལྷག་དཀར་ཉིན་མོར་བལ་ཡུལ་རང་དུ་བསྐྱེད་བསྲིང་བྱས་པའི་རི་བོ་དགེ་ལྡན་པའི་སློབ་ཕྲུག་ཚོར་དེ་སྔ་མ་བྱུང་བའི་གཞུང་ཆེན་ཕར་ཕྱིན་གྱི་བགྲོ་གླེང་ཞིག་མགོ་བརྩམས་ནས་ལོ་ལྟར་དེ་ལྟར་ཚོགས་ཐུབ་པའི་རེ་བ་དང་བཅས་ཀྱི་མཛད་རིམ་འདིས་ཀྱང་བོད་རྒྱུད་ནང་བསྟན་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པར་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་དུ་ད་རེས་ཀྱི་བགྲོ་གླེང་འདི་དཔེར་བཟུང་ནས་རྙིང་མ་དང་། ས་སྐྱ། བཀའ་རྒྱུད་སོགས་ཀྱིས་འཇམ་མགོན་མི་ཕམ་རིན་པོ་ཆེ་དང་། རྗེ་ཀརྨ་མི་སྐྱོད་རྡོ་རྗེ་དང་། ཀུན་མཁྱེན་གོ་རམས་པ་དང་། ཤག་མཆོག་ལ་སོགས་པའི་གཞུང་ཆེན་ཧ་ལས་པ་དེ་ཚོ་ལའང་རིམ་པས་བགྲོ་གླེང་ཚོགས་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། གང་ལགས་ཞུས་ན་ང་རང་ཚོ་དགོན་པ་བརྒྱ་ཕྲག་ནང་སློབ་མ་བརྒྱ་ཕྲག་ཡོད་པ་ང་རང་ཚོ་ཚང་མས་མཁྱེན་གསལ་རེད། དེ་དག་ནང་ནས་མང་པོ་ཞིག་ནི་དགོན་པ་དང་དགེ་བའི་བཤེས་གཉེར་རྣམ་པ་ལ་ཡིད་ཆེས་བློ་བཀལ་ཞིག་བྱས་ནས་བཞུགས་ཡོད་རེད། མང་པོ་ཞིག་ནི་ད་ལྟའང་གང་ཡིན་མ་ཤེས་པར་བཞུགས་ཡོན་གི་རེད། བྱས་ཙང་དེ་དག་ལ་དང་པོ་ཀ་ཁ་སློབ་པ་དང་རིམ་པས་སྐྱབས་འགྲོ་སེམས་བསྐྱེད་དང་དེ་ནས་ཕྱག་དཔེ་ལ་ཐོས་བསམ་སློབ་གཉེར་ལ་སྐུལ་ནས་འགྲོ་ཡ་ཡིན་པ་ང་རང་ཚོ་གཅིག་མཚུངས་རེད། ཡིན་ནའང་འདིའི་མཚམས་ནས་༸གོང་ས་མཆོག་གིས་རྒྱུན་དུ་གསུངས་པ་ནང་བཞིན་སློབ་མ་དེ་ཚོ་སློབ་གཉེར་འདི་དག་བྱས་འབྲས་སུ་སེམས་རྒྱུད་ཐུལ་བ་ཞིག་ལ་འགྲོ་གི་འདུག་གམ་མི་འདུག་ལྟ་ཚོད་བྱེད་དགོས་པ་དངོས་ནས་གལ་ཆེན་པོ་རེད་བསམ་གྱི་འདུག ལོ་ལྟར་ཚོགས་བཞིན་པའི་འཇང་དགུན་ཆོས་དང་། ད་ལོ་ནས་དབུ་ཚུགས་པའི་བགྲོ་གླེང་འདིའང་སློབ་མ་འདི་དག་ད་ལྟ་ཐོས་བསམ་བྱེད་བཞིན་པའི་སྐབས་ཡིན་ཙང་དེ་དག་གི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་འབོག་འདོན་གྱི་ཚུལ་དུ་ཕན་བརླབས་ཞིག་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
སྤྱིར་བགྲོ་གླེང་ཟེར་དུ་ཕལ་ཆེར་ནུབ་ཕྱོགས་པའི་སློབ་གཉེར་རྒྱག་སྲོལ་ཞིག་ནས་དར་བ་ལྟ་བུ་བྱེད་ཀྱི་ཡོད་ནའང་། བྱེད་ལུགས་ཅུང་ཟད་མི་འདྲ་བ་ཙམ་ལས་དཔྱད་རྩོམ་འབྲི་ལུགས་བོད་རྒྱུད་ནང་བསྟན་ལ་གནང་སྔ་མོ་ནས་དར་ཡོད་པ་ཡིན། གང་དག་ཀྱང་བགྲོ་གླེང་ཟེར་དུས་དང་པོ་སློབ་མ་ཚོའི་ངོས་ནས་རང་མོས་ཀྱི་བརྗོད་གཞི་གདམས་པ་དང་། བརྗོད་གཞི་དེ་གདམས་ཚར་བ་དང་དེ་ལ་དངོས་ཡོད་ཀྱི་གནས་ཚུལ་འགོད་པ། དེ་ལ་ལུགས་དང་གྲུབ་མཐས་འདོད་ཚུལ་གང་གང་ཡོད་མེད་འགོད་པ། དེ་དག་རང་གིས་ལྟས་པ་ན་ཐད་མི་ཐད་དཔྱད་ནས་མི་ཐད་པ་དགག་པ། ཐད་པའི་ཕྱོགས་དེ་རང་ལུགས་ཀྱི་ཚུལ་དུ་འཇོག་པ། དེ་ལ་ཡོངས་གྲགས་ཀྱི་རྩོད་པ་སྤོང་བའམ་དོགས་པ་ཁོ་སློང་གི་ཚུལ་དུ་རྩོད་པ་སྤོང་བའི་རྣམ་བཞག་འདི་གསུམ་ལེགས་པར་བྲིས་ཟིན་པ་དང་། དབུས་སློབ་དང་མཐོ་སློབ་གང་རུང་ལ་འབུལ་བ་(submit)བྱེད་དགོས། དེ་ནས་རྩོམ་གྱི་སྤུས་ཚད་དང་ཡི་གེའི་གྲངས་ཚད་ལ་སོགས་པ་ཁྱད་ཆོས་ཚང་མིན་ལྟས་ནས་འདེམས་ཐོན་བྱུང་བ་ན་རྩོམ་ཤོག་དེ་ལ་བགྲོ་གླེང་དུ་ཚུད་ཀྱི་ཡོད་པ་ཡིན། འདེམས་ཐོན་བྱུང་བའི་སློབ་མ་ཚོ་ཡིན་ནའང་རང་གི་བྲིས་པའི་དཔྱད་རྩོམ་དེ་ཡང་ནས་ཡང་དུ་བཀླགས་ནས་གང་ལྟར་རང་གིས་གང་བྲིས་པ་དེ་ཚོ་ཚིག་རེ་བཞིན་(དཔེར་མཚོན་ན་བར་ཆད་མེད་ལམ་གྱིས་སྒྲིབ་པ་སྤོང་ཟེར་ནས་བྲིས་ཡོད་ན། དེ་ལ་སྤངས་ཟེར་ནས་འདས་ཚིག་མ་རྒྱབ་པའི་རྒྱུ་མཚན་གང་ཡིན) འོ་འདི་ལ་སོགས་པ་རང་གིས་གང་བྲིས་པ་བརྗོད་པ་རེ་དང་ཚིག་རེས་ནས་རང་གི་བློ་ཡུལ་ལ་དོན་སྤྱི་ལྷང་ངེར་འཆར་ཐུབ་པ་ཞིག་དགོས་ཀྱི་ཡོད་ས་རེད། དེ་ནས་སློབ་མ་མང་ཚོགས་ཀྱི་དཀྱིལ་ལ་རང་གི་འདོད་པ་དེ་གླེང་རྒྱུ་རེད། འདོད་པ་དེ་ངག་ཐོག་ནས་གླེང་སྐབས་ཁ་ནས་གང་བཤད་པ་དེ་རང་གི་རྩོམ་ཤོག་དང་མཐུན་པ། རང་གི་རྩོམ་ཤོག་ནང་གང་བྲིས་ཡོད་པ་དེ་ཚོ་ངག་ཐོག་ནས་བཤད་པ་དང་མཐུན་པ་དགོས་པ་དེ་གལ་ཆེན་པོ་རེད། འདྲི་གླེང་སྐབས་རྩོམ་པ་པོའི་ངོས་ནས་ཡིན་ན་རང་ལ་དྲི་བ་ཁག་པོ་དེ་འདྲ་བྱུང་ནང་འདྲ། དྲི་བ་འགོད་མཁན་ལ་ལན་ཚ་བོ་དེ་འདྲ་བྱུང་བ་གང་ཡིན་རུང་ཕན་ཚུན་གོ་རྟོགས་འཕེལ་བ་ལ་ཕན་པ་ཞིག་ལ་འགྲོ་དགོས་པ་ལས་ཕྲ་དོག་དང་འགྲན་སེམས་ལྟ་བུའི་ཉོན་མོངས་འཕེལ་བའི་རྒྱུ་ལ་མ་འགྲོ་བ་ཞིག་དགོས་པ་རེད་བཅས་རང་གི་རྨོངས་འཆར་མདོར་བསྡུ་ཞིག་ཞུ་འདོད་བྱུང་། བྱས་ཙང་སྤྱིར་སྟངས་ནས་ནང་ཆོས་ཀྱི་བགྲོ་གླེང་དེ་ཚོ་ཕལ་ཆེ་བའི་ནང་བླ་མ། དགེ་བཤེས། མཁན་པོ། སློབ་དཔོན་ལ་སོགས་པའི་མཁས་པ་རྐྱང་རྐྱང་ཚོགས་སྲོལ་ཡོད་པ་རེད་འདུག ང་རང་ཚོའི་བགྲོ་གླེང་དེ་གཙོ་བོ་སློབ་མ་ཚོའི་གོང་དུ་ཞུས་པ་ནང་བཞིན་སློབ་གཉེར་འཕེལ་བའི་ཆ་རྐྱེན་དུ་ཚོགས་པ་ཞིག་ཆགས་བསྡད་ཡོད་ཅེས་གསལ་བཤད་ཅིག་བྱ་འདོད་བྱུང་། གང་གི་དོན་དུ་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་འཛོམས་ནས་ཆོས་ཀྱི་བགྲོ་གླེང་འདི་འདྲ་ཞིག་བྱས་འབྲས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ། ཡང་སྒོ་རྗེ་བླ་མ་མཚོན་པའི་༸གོང་ས་མཆོག་ལ་སོགས་པའི་ང་རང་ཚོའི་རིས་སུ་མ་ཆད་པའི་བླ་མ་སྐྱེ་ཆེན་དམ་པ་ཡོངས་ཀྱི་དགོངས་པ་སྒྲུབ་པའི་ཞབས་འདེགས་སུ་འགྲོ་གི་རེད་ཟེར་ནས་འདི་གའི་ལྷན་ཚོགས་ངོས་ནས་ཡིད་ཆས་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཀྱི་ཡོད།
དེ་མཚུངས་འདི་ཟླའི་ཚེས་ ༡༥ ཉིན་བལ་ཡུལ་གཞུང་དང་དད་ཞེན་ཆེ་ལ་ཤེས་རྒྱུས་ཉུང་བའི་བལ་ཡུལ་མི་དམངས་ཚོའི་སྐུ་ཚབ་རྣམ་པར་གཙོ་བོར་དམིགས་ཏེ་(དུས་རབས་༢༡་པའི་ནང་བལ་ཡུལ་ནང་པའི་ལས་འགན)ཞེས་པའི་གསུང་བཤད་མཛད་རིམ་ཞིག་འཚོགས་རྒྱུ་ཡིན། མཛད་རིམ་འདི་ལ་སྐུ་མགྲོན་གྱི་གཙོ་བོ་བལ་གཞུང་གི་ཆོས་རིགས་སློན་ཆེན་དང་མཆོག་ཏུ་བཀུར་འོས་སྐུ་མགྲོན་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་མཆོག་དང་དམིགས་གསལ་སྐུ་མགྲོན་བལ་གཞུང་སྤྱི་ཐུས་རྣམ་པ་གཙོས་པའི་ནང་པའི་ཆོས་རྒྱུད་ཁག་གི་མཛད་གཙོ་རྣམ་པ་དང་། དེ་མིན་སྐུ་མགྲོན་ལ་ཧི་མ་ལ་ཡའི་ཤར་པ་རྟ་མང་གུ་རུང་མ་གར་ལ་སོགས་པའི་བལ་ཡུལ་ནང་པའི་སྐྱིད་སྡུག་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པར་གདན་ཞུ་བྱས་ཡོད། མཛད་རིམ་འདིའང་བལ་ཡུལ་ཁུལ་དུ་སྔར་ཡོད་བོད་བརྒྱུད་ནང་བསྟན་རྣམས་དར་སྤེལ་དང་ཉམས་པ་རྣམས་གསོ་ཐབས་ཞིག་ལ་དམིགས་པའི་མཛད་རིམ་གལ་ཆེན་ཞིག་ཡིན། མཛད་རིམ་འདི་བརྒྱུད་བོད་བརྒྱུད་ནང་བསྟན་ནས་རྒྱལ་ཁབ་འདི་ལ་ཇི་ལྟར་ཕན་པ་དང་རྒྱལ་ཁབ་འདིའི་གཞུང་དམངས་ནས་ཀྱང་ནང་བསྟན་འདི་དར་སྤེལ་ལ་ཇི་ལྟར་ཕན་ཐོགས་ཐུབ་པ་མདོར་ན་ཕན་ཚུན་ཇི་ཙམ་གལ་ཆེ་མིན་རྟོགས་རྒྱུའི་ལམ་སྒོ་གསར་པ་ཞིག་འབྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད། འདི་དང་དེ་འབྲེལ་གྱི་མཛད་རིམ་ཁག་ལ་རང་རེའི་གཞུང་དམངས་ནས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཡོད། མཛད་རིམ་འདི་བརྒྱུད་ནས་བོད་རྒྱུད་ནང་བསྟན་གྱི་བསྟན་པ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མ་ལ་ཇི་ལྟར་དགའ་ལྡན་ལྷ་བརྒྱ་རུ། ཁྱོད་ཀྱི་བརླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་དག་པས་ཡི་རང་ངོ་། །ཞེས་གསུངས་པ་ལྟར་རྗེས་སུ་ཡི་རང་དང་འབྲེལ་ནས་རྗེས་དྲན་དུ་ཞབས་འདེགས་འཕྲན་པུ་ཞིག་འབུལ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།
དེ་བཞིན་སྤྱིར་ང་རང་ཚོ་ཚང་མས་ཇི་སྙེད་བསགས་པའི་དགེ་བ་དང་ཁྱད་པར་ད་ལོའི་མཛད་རིམ་འདི་དག་གི་སྔོ་བ་དང་མ་འོངས་པར་ཡང་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་ལམ་ཆེད་བོད་ཟླ་ ༡༠ ཚེས་༢༥ སྟེ་དགའ་ལྡན་ལྔ་མཆོད་ཉིན་སྐྱིད་གྲོང་བསམ་གཏན་གླིང་གྲྭ་ཚང་དུ་མཆོད་འབུལ་གང་རྒྱས་ཞིག་འབུལ་རྒྱུའི་མཛད་རིམ་ཡོད་པས་དེ་ལ་སླར་ཡང་འདིར་ཕེབས་པའི་སྐུ་མགྲོན་ཚང་མ་མཉམ་བཞུགས་གནང་རོགས་བཅས་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་ལ་(འདི་ལོའི་ཕར་ཕྱིན་བགྲོ་གླེང་དེ་གོང་དུ་ཞུས་པ་བཞིན་བལ་ཡུལ་ནང་ཐེང་དང་པོ་ཆགས་བསྡད་ཡོད་སྟབས་གནད་དོན་མང་པོ་ཞིག་ལ་ཆད་ལྷག་ཡོང་སྲིད་པ་ཡིན་པས་དེའི་ཐད་ལོ་འདིའི་གོ་འགྲིག་པ་རྣམ་པ་དང་དེ་བཞིན་མདོ་འཛིན་པ་རྣམ་པས་ངེས་པར་རང་གི་ཉམས་མྱོང་དང་འབྲེལ་ནས་ལེགས་སྤེལ་ངན་འགོག་གི་སྙན་ཐོ་མདོར་ཙམ་རེ་བྲིས་རོགས་གནང་ཞུ་རྒྱུ་ཡིན)
འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང་། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །མཛད་པ་སྨོན་ལམ་མ་ལུས་བསྒྲུབ་པ་དང་། །ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །དེ་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་ཡང་། །ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག་ཅེས་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་ནས།
ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་ནས།