དེ་རིང་འདི་གར་མཉམ་མེད་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་ཉིན་མོ་མདོར་ན་དགའ་ལྡན་ལྔ་མཆོད་དྲུག་རྒྱའི་སྲུང་བརྩིའི་ཉིན་མོར་ཆིབས་སྒྱུར་གནང་བའི་ཀོ་པཱན་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག ཤེལ་དཀར་ཆོས་སྡེ་གླིང་དགོན་གྱི་མཁན་རིན་པོ་ཆེ་མཆོག། དེ་བཞིན་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་འདུས་མང་གཙོ་བྱས་དད་ལྡན་སྦྱིན་བདག་ཁག་རྣམ་པ་དང་གཞན་ཚང་མ་ལ་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིའི་ཉིན་མོར་མཉམ་བཞུགས་གནང་བར་བལ་ཡུལ་དགེ་ལུགས་ལྷན་ཚོགས་དང་བལ་ཡུལ་སྨོན་ལམ་ཚོགས་པ་གཉིས་ནས་བལ་ཡུལ་དགེ་ལུགས་དགོན་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་འཛམ་བུ་གླིང་འདིའི་སྟེང་དུ་ནང་པ་སངས་རྒྱས་པ་བྱུང་ནས་ལོ་ངོ་༢༦༠༠ ཟིན་ལ་ཉེ་བ་ཞིག་ཆགས་ཡོད། དེ་ནས་བོད་དུ་ནང་ཆོས་མ་དར་གོང་ནས་བལ་ཡུལ་ཁུལ་དུ་ནང་ཆོས་དབུ་ཚུགས་པ་ཙམ་དུ་མ་ཟད་དར་རྒུད་ཡང་གང་ཙམ་བྱུང་ཟིན་པ་རེད། ལས་དང་བསོད་ནམས་ཟེར་ནའང་འདྲ། གང་དག་ཀྱང་བལ་ཡུལ་ཁུལ་དུ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་རིན་པོ་རྣམ་པ་གང་ཙམ་བཞུགས་མྱོང་བ་མ་ཟད་ཕྱིས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་(འགའ་ཞིག་གི་ཟེར་ན་)ལོ་དྲུག་ཙམ་བཞུགས་མྱོང་བའི་རྒྱལ་ཁབ་ཅིག་ཡིན་ནའང་ནང་ཆོས་དེ་དེ་ཙམ་གྱི་དར་མ་ནུས་པ་ཟེར་དགོས་པ་ཡིན་ནམ་དར་ཁྱབ་མ་བྱས་པ་ཟེར་དགོས་པ་གང་ཡིན་ནམ་གང་དག་དེ་ཙམ་དར་ཐུབ་མེད། ནང་པ་ལ་དགའ་ཞེན་ཅན་གྱི་རྒྱལ་པོ་དེ་འདྲ་མ་བྱུང་བ་ཡང་མ་རེད། ཉམས་ལེན་པ་དེ་འདྲ་མ་བྱུང་བ་ཡང་མ་རེད། གྲ་ས་ལྟ་བུ་བི་ཧཱར་དེ་འདྲ་མ་བྱུང་བ་ཡང་མ་རེད། དགེ་འདུན་གྱི་སྡེ་མ་བྱུང་བ་ཡང་མ་རེད། གང་དག་ཀྱང་དེ་ཙམ་མ་དར་བ་ད་ལྟ་མཐོང་ཆོས་སུ་ཡོད་པ་རེད། བོད་དུ་ནི་བརྒྱ་ཕྲག་༦།༧་ནས་ནང་ཆོས་དར་འགོ་ཚུགས་པ་རེད། བོད་ཀྱི་ནང་ཆོས་ཀྱི་ལོ་རྒྱུས་ལ་རྙིང་མ་དང་གསར་མ་ཞེས་གཉིས་སུ་ཕྱེ་ཀྱི་ཡོད། ཐོག་མར་མཁན་སློབ་ཆོས་གསུམ་གྱིས་སྤྱི་ལོ་༧༦༢་ལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་པ་བཞེངས་པ་དང་། དེའི་ནང་དུའང་སྒྲ་སྒྱུར་ལོ་པོན་གླིང་། མི་གཡོ་བསམ་གཏན་གླིང་། རྣམ་དག་ཁྲིམས་ཁང་གླིང་། བདུད་འདུལ་སྔགས་པ་གླིང་ལ་སོགས་པ་བཞེངས་ནས་ཧ་ཅང་དར་ཁྱབ་བྱུང་ཡོད། དེ་ནས་མར་རྙིང་མའི་རོང་ཟོ་པནྜི་ཏ་དང་ཕྱིས་སུ་ཀློང་ཆེན་རབ་འབྱམས་པ་ལ་སོགས་མཁས་པ་དུ་མ་བྱུང་ཡོད། དུས་ད་ལྟའང་ཀློང་ཆེན་མཛོད་འདུལ་དེ་ཚོའང་གཟིགས་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད་འདུག དེ་ནས་གསར་མ་དར་འགོ་ཚུགས་པ་རེད། གསར་མའི་སྐབས་བཀའ་རྒྱུད་ནས་མར་མི་དག་གསུམ་དང་། ས་སྐྱ་ནས་ས་ཆེན་གོང་མ་རྣམ་པ། བཀའ་གདམས་པ་མཆོག་དངོས་འབྲོག་གསུམ་ལ་སོགས་པའི་བཤད་སྒྲུབ་ཟུང་འབྲེལ་གྱི་མཁས་པ་མང་པོ་བྱུང་མྱོང་ཡོད། དེ་ནས་མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་རིན་པོ་ཆེ་སྐུ་ཁྲུངས་བཀའ་རྒྱུད་ཀྱི་ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང་ནས་སློབ་གཉེར་གནང་། དབུས་སུ་ཕེབས་ནས་རྙིང་མའི་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དྲུང་ནས་རྙིང་མའི་ཆོས་སྐོར་གསན། ས་སྐྱའི་མཁས་པ་རྗེ་བཙུན་རེད་འདའ་བ་ལ་སོགས་པའི་དྲུང་ནས་སློབ་གཉེར་རྒྱ་ཆེར་མཛད་མདོར་ན་རྙིང་མ་དང་བཀའ་རྒྱུད་དང་ས་སྐྱ་རིས་སུ་མ་མཆིས་པའི་སྐྱེ་ཆེན་དམ་དེ་ཚོའི་དྲུང་ནས་སློབ་གཉེར་གནང་ནས་་་དང་པོར་རྒྱ་ཆེར་ཐོས་པ་མང་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བསླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་སྔོ། །ཞེས་གསུངས་པ་ལྟར་རྗེ་རིན་པོ་ཆེས་སྐུ་ཚེ་ཡོངས་རྫོགས་སྐུ་ལས་སྐྱོན་ནས་དེ་ཀུན་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་གསུང་པོད་བཅོ་བརྒྱད་སྔོ་གནང་ཡོད་པ་རེད། ཁོང་གི་མཛད་པ་འཕྲིན་ལས་ལ་ལྟས་ན་བློ་ཟུ་བོར་གནས་མཁན་ཞིག་ཡིན་ན་མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་དག་པས་ཡི་རང་ངོ་། །ཟེར་རྒྱུ་ལས་གཞན་གང་ཡང་ལྷག་གི་མེད། ཁོང་གི་མཛད་པའི་པོད་བཅོད་བརྒྱད་པོ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ལ་བཀའ་གདམས་མན་ངག་པ་དང་བཀའ་གདམས་གཞུང་པ་བ་གཉིས་སུ་གྲངས་ངེས་པ་ལས། ང་རང་ཚོ་བཀའ་གདམས་གཞུང་པ་བའི་གྲལ་དུ་ཚུད་ཡོད་པ་ཧ་ཅང་གི་སྐལ་བ་བཟང་པོ་ཡིན། དེས་ན་ཁོང་གི་རྗེས་དྲན་དངོས་ནི་༧གོང་ས་མཆོག་ནས་ཡང་ནས་ཡང་དུ་གསུངས་གནང་བའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་དེ་རེད། བྱས་ཙང་དེ་རིང་དུས་བཟང་འདིའི་གོས་སྐབས་བཟུང་ནས་དེ་རིང་འདིར་ཕེབས་པའི་སེར་སྐྱ་ཚང་མ་ལ་ནང་ཆོས་ཐོག་ལ་སློབ་གཉེར་ཡག་པོ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

བརྒྱ་ཕྲག་ ༡༤ ནང་བོད་རྒྱ་ཡོངས་ལ་ཡོངས་སུ་གྲགས་པའི་མཁས་པའི་དབང་པོ་དེ་ཉིད་ཀྱི་དགོང་རྫོགས་ལོ་ངོ་ ༦༠༠ འཁོར་བའི་ད་ལོར་ལོ་འགོ་ནས་བཀའ་དྲིན་རྗེས་དྲན་གྱི་སྲུང་བརྩིའི་སླད་དགོན་ཁག་བཅུའི་སློབ་གཉེར་ཡར་རྒྱས་ལ་དམིགས་པའི་མཛད་རིམ་གཅིག་དང་། བལ་ཡུལ་ནང་པ་ཡོངས་ཀྱི་ཆོས་སྲིད་ལ་དམིགས་པའི་མཛད་རིམ་གཅིག་དང་། ཚང་མའི་ཚོགས་གསག་སྒྲིབ་སྦྱོང་ལ་དམིགས་ནས་ཆོས་འབུལ་ཆེན་པོ་གཅིག་བཅས་མཛད་རིམ་གསུམ་ཚོགས་འཆར་སླད་ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་ཁག་ཚང་མ་ལ་དགོངས་འཆར་དང་རེ་འབོད་ཞུས་པས་ཀུན་གྱིས་ཐེ་ཚོམ་མེད་པར་རྒྱབ་སྐྱོར་ཞལ་བཞེས་གནང་སོང་བ་ཙམ་དུ་མ་ཟད་ལས་དོན་འདི་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་དང་སྨོན་ལམ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་བྱ་དགོས་པའི་ལམ་སྟོན་གནང་སོང་། དེ་ཙམ་དུ་མ་ཟད་མཛད་རིམ་དངོས་གཞིའི་སྐབས་ཡིན་ནའང་ལས་ཀ་ཆེས་ཕྲ་གང་ཅིའི་ཐད་མི་དགོས་ན་མི། དངོས་ཆས་དགོས་ན་དངོས་ཆས་བྱས་ནས་ཧ་ཅང་རྒྱབ་སྐྱོར་གནང་སོང་བས་ཐོགས་མར་དགོན་ཁག་བཅུའི་མཁན་ལས་སྣེ་རྣམ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་མཛད་རིམ་དངོས་གཞིའི་སྐབས་གཞུང་ཆེན་སློབ་གཉེར་ཡར་རྒྱས་ཁོ་ན་ལ་དམིགས་པའི་ཕར་ཕྱིན་བགྲོ་གླེང་ཆེན་མོ་དེ་ཤེལ་དཀར་གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་མཛད་ཀྱིས་ལས་སྣེ་རྣམ་པ་ཡོངས་ཀྱིས་ཧུར་སྐྱེས་གནང་སྟེ་མཛད་རིམ་ཧ་ཅང་ཡག་པོ་བྱུང་སོང་བར་ཤེལ་དཀར་གྲྭ་ཚང་གི་དབུས་ལས་སྣེ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་རྒྱུན་ལས་རྣམ་པར་ཉམས་མྱོང་དང་ཤེས་བརྒྱ་ཆུང་ནའང་སངས་རྒྱས་ཀྱི་བསྟན་པ་རྒྱས་ཐབས་ཁོ་ན་ལ་དམིགས་ནས་བློ་ཁོག་ཆེན་པོའི་ངང་ Haytt གསོལ་མགྲོན་ཁང་དུ་ཆོས་ཕྱོགས་རྐྱང་པའང་མིན་པ་ཆབ་སྲིད་རྐྱང་པའང་མིན་པར་ཆོས་སྲིད་ཟུང་འབྲེལ་གྱི་མཛད་རིམ་བལ་ཡུལ་དཔོན་རིགས་བལྟ་ཚུལ་མི་འདྲ་བ་དང་མི་དམངས་བསམ་ཚུལ་མི་འདྲ་བ་མང་པོ་ཞིག་འདུས་པའི་ཐོག་དུས་རབས་ཉེར་གཅིག་པའི་བལ་ཡུལ་ནང་ནང་པའི་འགན་འཁྲི་ཞེས་པའི་གསུང་བཤད་ཚོགས་ཆེན་དེ་ཚོགས་ཐག་ཆོད་པར་ཀོ་པཱན་གྲྭ་ཚང་སྟེང་འོག་གཉིས་ཀྱི་དབུས་ལས་རྣམ་པས་བཀའ་སློབ་ལམ་སྟོན་མཚོན་པའི་གང་ཅིའི་ཐད་གང་ལ་གང་དགོས་ཀྱི་རྒྱབ་སྐྱོར་དང་ཕྱག་ལས་ཧུར་ཐག་གནང་བྱུང་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།
འདིའི་སྐབས་ཀྱི་གྲུབ་འབྲས་ཆེ་ཤོས་གཅིག་ནི་རྗེ་རིན་པོ་ཆེའི་རྣམ་ཐར་བལ་སྐད་དུ་བྶགྱུར་ནས་འགྲེམ་སྤེལ་བྱས་པ་དེ་ཆགས་ཡོད། གང་ལགས་ཟེར་ན་ད་ལྟ་ཕན་ཆད་རང་ཅག་དགེ་ལྡན་པའི་གཞུང་གང་ཡང་བལ་སྐད་དུ་བསྒྱུར་མཁན་བྱུང་མེད་ལ་ད་ལྟའང་ཧ་ཅང་དཀོན་པའི་སྐབས་ང་ཚོས་ཐོག་མ་དེ་ལ་རྗེ་རིན་པོ་ཆེའི་རྣམ་ཐར་བསྒྱུར་བ་ཙམ་དུ་མ་ཟད་མི་དམངས་ལ་འགྲེམ་སྤེལ་བྱས་ཐུབ་བྱུང་བ་ནི་ཧ་ཅང་གིས་རྟེན་འབྲེལ་བཟང་པོ་ཡིན་དྲན་གྱི་ཡོད།

དེ་ནས་མཛད་རིམ་གསུམ་པ་ཆོས་ཕྱོགས་ཁོ་ན་ལ་དམིགས་པའི་ད་རིང་གི་མཛད་རིམ་འདི་བསམ་པ་ལས་ཀྱང་ལྷག་བྱུང་སོང་བར་མཛད་རིམ་འདི་སྨོན་ལམ་ཚོགས་གཞོན་ཨཅཱརྱ་བསྟན་འཛིན་དབུས་པའི་ལས་སྣེ་རྣམ་པ་ཡོངས་ནས་སྐུ་ངལ་འཛེམ་མེད་ཀྱིས་མཛད་རིམ་འདི་ཐར་ཕྱིན་པ་བྱུང་སོང་བས་ཁོང་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ག་ནང་བཞིན་མཛད་རིམ་འདི་གསུམ་ཀའི་སྐབས་ཕྱག་ལས་གནང་མཁན་དགེ་འདུན་པ་དང་བཙུན་མ་མང་པོ་ཞིག་ཡོད་རེད། དཔེར་ན། སྐུ་མགྲོན་གདན་ཞུ་གནང་མཁན། ཚོགས་སའི་གནས་སུ་གྲ་སྒྲིག་གནང་མཁན། ཞལ་ལག་ཉོ་ཆ་ཁོ་སྒྲུབ་བྱེད་མཁན། ཚོགས་དབུས་སུ་གསོལ་ཇ་འདེགས་འབུལ་གནང་མཁན་དང་། སྐུ་མགྲོན་སྣེ་ལེན་པ་དང་། ལས་འཇུག་ཏུ་ཚོགས་རྭ་འདུ་ནས་གཙང་བཟོ་གནང་མཁན་དང་། དེ་ག་ནང་བཞིན་མཆོད་གཞེངས་པ་དང་། ཞལ་འདེབས་འདུ་མཁན་དང་། དངུལ་གཉེར་དང་། རྩིས་པ་ལ་སོགས་པའི་ལས་བྱེད་གྲངས་ལས་འདས་པའི་སྐུ་ལས་འཛེམ་མེད་ཀྱིས་ཧུར་ཐག་གནང་ཡོད་རེད་བྱས་ཙང་ཚང་མ་ལ་སྙིང་དག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ཚོགས་གཙོ་ང་རང་མཚོན་ནའང་ཤེས་སྦྱང་གི་ཡོན་ཏན་དང་ཉམས་མྱོང་གང་ཅིའི་ཐད་ནས་གང་ཡང་མེད་ནའང་ཀོཔཱན་དགོན་པའི་མཁན་རིན་པོ་ཆེ་དང་ཕྱག་མཛོད་གཙོ་བའི་ལྷན་ཚོགས་འདིའི་ཚོགས་ཟུར་དགེ་བཤེས་ངག་དབང་སྐལ་བཟང་བཅས་ཀྱིས་ག་དུས་ཡིན་ནའང་བཀའ་སློབ་ལམ་སྟོན་གནང་བ་ལ་བརྟེན་ནས་དོན་ཆེན་འདི་གྲུབ་པ་ཡིན་པས་གོང་རྣམ་པར་སྙིང་དག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་དང་ཆབ་གཅིག་འདིར་ངེས་པར་དུ་ཞུ་དགོས་པ་ཞིག་ནི་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ལས་དོན་གང་ཅིའི་ཐད་དུའང་འཆར་གཞི་གང་གཏིང་ནའང་ལེགས་སོ་གསུངས་རྐྱང་གིས་ཁ་ཞལ་གཉིས་མེད་ཀྱིས་ཕྱག་རོགས་གནང་བར་སྨོན་ལམ་ཚོགས་པའི་ཚོགས་གཙོ་གཞོན་གཉིས་དང་། ལྷན་ཚོགས་ཀྱི་ཚོགས་གཞོན། དྲུང་ཆེ། དངུལ་གཉེར། རྩིས་པ་བཅས་ལ་ང་རང་སྒེར་ངོས་ནས་སྙིང་དག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཤེས་རབ་ནས།