ས་གནས། འཕགས་ཤིང་གྲུབ་དགོན་འོད་ཅན་ཐུགས་རྗེ་ཆོས་གླིང་དགོན་པ།
ཚོགས་དུས། ཕྱི་ཟླ་ ༡༠ ཚེས་ ༡༤ ནས་ཚེས་ ༢༨ བར།
ཐོག་མར་དེ་ལ་བལ་ཡུལ་ནང་གི་ནང་པའི་ལོ་རྒྱུས་ནང་ཧ་ཅང་གི་གལ་ཆེ་བའི་རང་བཞིན་ནང་པའི་དགོན་སྡེ་ཁག་འདུ་འཛོམས་ཀྱིས་རྣམ་འགྲེལ་ཆོས་ཐོག་འཇང་དགུན་ཆོས་འདི་ཉིད་གསར་དུ་ཚུགས་ནས་ད་བར་ལོ་ངོ་ ༡༠ ཧྲིལ་པོར་འཁོར་བའི་རྟེན་འབྲེལ་བཟང་པོའི་ཉིན་དགུན་ཆོས་ཆེན་མོ་ཡར་ཚོགས་ཀྱི་མཛད་སྒོའི་ཐོག་མངོན་པར་མཐོ་བའི་བཞུགས་ཁྲིའི་སྟེང་དུ་བཞུགས་པའི་རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བྱིན་ཅན་མཐོང་གྲོལ་རིན་པོ་ཆེ་ལ་སྒོ་གསུམ་གུས་ཕྱག་དང་། དེ་ནས་ལྷན་ཚོགས་འདིའི་ཁྱབ་ཁོངས་དགོན་ཁག་བཅུའི་དཔེ་ཁྲིད་རྒན་རྣམ་པས་གཙོས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། དེ་ནས་མཛད་བྲེལ་དུ་མའི་དཀྱིལ་ནས་མཛད་རིམ་འདིར་དངོས་སུ་ཞབས་ཀྱི་བཅགས་པའི་སྐུ་མགྲོན་གྱི་གཙོ་བོ་སྐུའི་སྐུ་ཚབ་སྐུ་དངོས་ཚུལ་ཁྲིམས་རྒྱ་མཚོ་མཆོག། དེ་བཞིན་དམིགས་གསལ་སྐུ་མགྲོན་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་སློབ་དཔོན་ནོར་བུ་མཆོག། ས་གནས་འགོ་འཛིན་སྐུ་དངོས་སྐལ་བཟང་དོན་གྲུབ་ལགས། དགོན་སྡེ་ཁག་གི་དབུ་འཛིན་རྣམ་པ། སློབ་ཕྲུག་རྣམ་པ། དེ་ག་ནང་བཞིན་འདི་གའི་བལ་ཡུལ་དགེ་ལུགས་ཀྱི་སྨོན་ལམ་ཆེན་མོ་དང་། འཇང་དགུན་ཆོས་སོགས་སུ་གང་ཅིའི་ཐད་དཔུང་པ་མཉམ་གཤིབས་ཀྱིས་རྟག་ཏུ་སྦྱིན་བདག་གནང་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཚང་མ་ལ་ཐོག་མར་བལ་ཡུལ་དགེ་ལུགས་དགོན་པ་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ལོ་སྔོན་སྤོ་རོང་ཆོས་སྡེ་གླིང་དགོན་པར་འཇང་དགུན་ཆོས་ཚུགས་སྐབས་ཞུས་པ་བཞིན་འཇང་དགུན་ཆོས་འདི་ཐོག་མར་གདན་ས་གསུམ་དང་ས་སྐྱ་གཙོ་བྱས་ནས་དགུན་གའི་དུས་སུ་སྐྱིད་སྨད་ལྗང་ཕུ་དགོན་པར་གཙོ་བོར་རྣམ་འགྲེལ་ཆོས་ཐོག་ཚོགས་སྲོལ་བྱུང་བ་ནས་བཟུང་འཇང་དགུན་ཆོས་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དུས་ཆོས་ཆེན་མོ་འདི་ལོ་བཅུ་ཕྲག་གཅིག་ཙམ་སྔོན་ལ་བལ་ཡུལ་རྒྱལ་ཁབ་འདིའི་ནང་དགོན་པ་རེ་ཟུང་ལ་རག་ཙམ་ཡོད་ན་མ་གཏོགས་མིང་ཙམ་ཐོས་དཀའ་བའི་གནད་དོན་ཞིག་ཏུ་ཡོད་པ་ཚང་མས་མཁྱེན་གསལ་རེད་ལ་མཁྱེན་དགོན་ངེས་ཀྱང་རེད། ད་ཆ་སྤྱིར་༸གོང་ས་སྐྱབས་མགོན་ཆེན་པོ་དང་ཁྱད་པར་དུ་བལ་ཡུལ་དགོན་ཁག་གི་དབུ་ལས་སྣེ་རྣམ་པ་དང་ལྷག་པར་དུའང་དགོན་ཁག་གི་ཤེས་ཡོན་འགན་འཛིན་དང་དགེ་བའི་བཤེས་གཉེན་རྣམ་པ། དམིགས་གསལ་གྱིས་དགེ་ལྡན་ལྷན་ཚོགས་འདི་ཕྱག་འདེབས་པ་པོ་དང་རྒྱུན་ལས་རྣམ་པས་ཕུག་རྒྱང་རིང་པོའི་དགོངས་བཞེས་ཀྱིས་ཧུར་བརྩོན་གནང་འབྲས་སུ་གོ་ལ་འདིའི་སྟེང་ཡོངས་སུ་གྲགས་པའི་དམ་པའི་ཆོས་འདི་ལ་རིག་ལམ་གྱི་སྟེང་ནས་སློབ་གཉེར་བྱ་འདོད་ཡོད་དོ་ཅོག་ལ་ལྡིང་ཆ་ཁྱད་པར་ཅན་ཞིག་ཐོབ་ཡོད་པ་ད་ལྟ་ང་རང་ཚོའི་མིག་ལམ་དུ་ཡོད་པ་འདི་ཡིན། སྒྲུབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་རེད། དེའི་སྒྲུབ་བྱེད་དུ་འབྲས་བུ་རིམ་གྱིས་པ་ལྟ་བུ་མདོ་ལམ་དང་མཐོ་བརྒལ་བ་ལྟ་བུ་སྔགས་ལམ་གཉིས་དེ་རེད། མདོ་སྔགས་གཉིས་ཀའི་ལམ་ལ་མེད་དུ་མི་རུང་བའི་གནད་དོན་དེ་ནི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་དེ་ཆགས་བསྡད་ཡོད། དེ་གཉིས་ཀྱང་༸གོང་ས་མཆོག་ནས་ཡང་ནས་ཡང་དུ་གསུངས་པ་བཞིན་ཤེས་ནས་ཉམས་སུ་ལེན་དགོས་པ་ལས་དད་པ་དང་ཡིད་ཆས་ཙམ་གྱིས་ཕན་ནུས་དེ་ཙམ་མེད་པ་དེ་རིག་ལམ་ལ་མ་སྦྱངས་པའི་སྐྱེས་བོ་ཕལ་པས་ཀྱང་ར་སྤྲོད་ཙམ་གྱིས་ཤེས་ཐུབ། ཤེས་ནས་ཉམས་སུ་ལེན་པ་ལའང་བརྟགས་པ་དང་དཔྱད་པ་རྒྱུད་ལ་སྦྱོར་བ་དང་ཉམས་སུ་མྱོང་བའི་བརྒྱུད་རིམ་ཞིག་གི་སྟེང་ནས་འགྲོ་དགོས་པ་ཡིན། དེ་ལ་ཕར་ཕྱིན་གྱི་གོ་དོན་འཐིལ་ཕྱིན་པ་ཞིག་རྙེད་ཐབས་ལ་རྣམ་འགྲེལ་ལེའུ་གཉིས་པའི་བདེན་བཞིའི་སྐོར་རྣམས་ལ་གོ་བ་ཆགས་པ་སྔོན་དུ་སོང་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཡོད། དེ་བཞིན་ཡང་དག་པའི་ལྟ་བ་སྟོན་པའི་དབུ་མའི་གཞུང་དག་གི་དགོངས་པ་སྤྱིས་ཕྱིན་པ་ཞིག་རྙེད་པ་ལ་རྣམ་འགྲེལ་ལེའུ་གསུམ་པའི་མངོན་རྗེས་སྐོར་ལ་གོ་བ་ཆགས་པ་ཞིག་སྔོན་དུ་སོང་ན་ཉམས་ལེན་གྱི་འབོགས་འདོོན་ཡང་ཆགས་རྒྱུ་རེད། དེ་ག་ནང་བཞིན་མངོན་པ་མཛོད་ཀྱི་གཞུང་དེ་ཚོ་རྣམ་འགྲེལ་ནས་གསུངས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྐོར་དང་འབྲེལ་ནས་བལྟ་དགོས་པ་དང་། དམ་ཆོས་འདུལ་བའི་གཞུང་དེ་ཚོ་ལ་གཞལ་བྱ་ཤིན་ལྐོག་སྐོར་དང་འབྲེལ་ནས་བལྟ་དགོས་པ། དྲང་ངེས་ཀྱི་གཞུང་དེ་ཚོ་གཞན་སེལ་ལ་སོགས་པ་དང་འབྲེལ་ནས་བལྟ་དགོས་པ། གང་དག་ཀྱང་གཞུང་ཆེན་ཀ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་འོང་སླད་རྣམ་འགྲེལ་འདི་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པ་འདི་ངས་མཁས་མདོག་བྱས་ནས་བཤད་པ་མིན་པ་སྔ་མོ་ནས་གཞུང་དེ་ཚོ་ཕན་ཚུན་འབྲེལ་ནས་སློབ་གཉེར་གནང་སྲོལ་ཡོད་པའི་ལོ་རྒྱུས་དེ་ཚོ་གཟིགས་ཙམ་གནང་དང་མཁྱེན་གྱི་རེད།
སྤྱིའི་ཆ་ནས་སློབ་ཕྲུག་ཆུང་བ་ཚོ་ཡིན་ནའང་ང་རང་ཚོ་རབ་འབྱུང་བ་རྣམ་པ་ཚོས་མགོའི་སྐྲ་གཞར་ནས་སྡོད་དགོས་པ་གང་ཡིན་ནམ། ན་བཟའ་དམར་སེར་གང་རུང་ཞིག་མནབས་ནས་སྡོད་དགོས་པ་གང་ཡིན་ནམ། མཐའ་ན་ཤམ་ཐབས་ཀྱི་ཚུལ་སྟོད་པ་ལའང་དགོས་པ་རེ་ཡོད་རེད་དེ་ཚོ་གང་ཡིན་ནམ། གསོ་སྦྱོང་བྱེད་དགོས་པ་གང་ཡིན་ནམ། དབྱར་གནས་བཞུགས་དགོས་པ་གང་ཡིན་ནམ། རབ་འབྱུང་བ་དང་དགེ་ཚུལ་སློང་གྱི་སྡོམ་པའི་ཁྱད་པར་གང་ཡོད་དམ། དེ་ཚོའི་དགོས་པ་གང་ཡོད་དམ། དཀོན་མཆོག་གསུམ་གྱི་ངོས་འཛིན་དང་དེ་དག་ལ་སྐྱབས་སུ་འགྲོ་དགོས་པ་གང་ཡིན་ནམ། འོ། དེ་ཚོ་མཁྱེན་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་འདྲ་ཞིག་བྱུང་ན་ནམ་ཞིག་ནས་ནང་ཆོས་ཐོག་ལ་སློབ་གཉེར་བྱེད་ཟེར་དུ་འུ་ཐུག་པ་ལྟ་བུ་མིན་པ་དགའ་དགའ་སྤྲོ་སྤྲོ་ངང་ནས་རང་གི་ངང་གིས་སྤྲོ་ཤུགས་འཕེལ་བར་ཐེ་ཚོམ་མེད། དེ་ལྟར་སོང་ཙང་འདི་ངའི་འབོད་སྐུལ་ཡིན།
དེ་ག་ནང་བཞིན་བསླབ་པ་རྒན་གཞོན་རྩི་ཡག རང་རང་གི་དགོན་པའི་ལས་བྱེད་རྒན་པ་རྣམ་པ་ཚོའི་བཀའ་དགོངས་སྒྲུབ་ཡག དགོན་པ་ཕན་ཚུན་དུའང་སྐྱིད་སྡུག་གང་ཅིའི་ཐད་རོགས་པ་བྱེད་ཡག་མཚོན་པའི་ང་རང་ཚོ་ནང་པ་ཡོངས་རྫོགས་ཀྱིས་ཕྱག་ལས་ཆེས་ཕྲ་གང་བྱེད་རུང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཁྱད་པར་དུའང་༸གོང་ས་མཆོག་གཙོ་པའི་ང་རང་ཚོའི་བླ་མ་ཚོ་ལ་སྒྲུབ་པའི་མཆོད་པར་འགྲོ་བ་ཞིག་དགོས་པ་ང་རང་ཚོ་བལ་ཡུལ་ཁུལ་གྱི་བོད་བརྒྱུད་ནང་བསྟན་པ་ཡོངས་ཀྱི་འགན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན་ནའང་འདིར་དྲན་གསོའི་ཚུལ་དུ་ཞུས་པ་ཡིན།
དེ་འདྲའི་གཅིག་སྒྲིལ་ཞིག་འོང་ཐབས་ལ་འཇང་དགུན་ཆོས་འདིས་ཀྱང་ཧ་ཅང་གི་ཕན་གྱི་ཡོད་པ་རྒྱུ་མཚན་ཟུར་དུ་བཀོད་དགོས་པ་མེད།
དེ་ག་ནང་བཞིན་ད་ལོའི་འཇང་དགུན་ཆོས་འདི་མ་སྒྲིག་ལྷུན་གྲུབ་ཟེར་བ་ལྟར་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་གང་ཉིད་བལ་ཡུལ་ཁུལ་དུ་ཐེང་དང་པོ་ཕེབས་པའི་སྐབས་དང་ཁེལ་བས། ལྷན་ཚོགས་ནས་རང་རེ་བལ་ཡུལ་ཁུལ་གྱི་སླིབ་འབངས་རྣམས་ལ་ཆོས་འབྲེལ་བཟང་པོ་ཞིག་ཐོབ་སླད་གང་ཉིད་ལ་ཟླ་འདིའི་ཕྱི་ཚེ་ ༢༣ ཉིན་དམིགས་བརྩེ་མ་དང་དགའ་ལྡན་ལྷ་བརྒྱ་མའི་བཤད་ལུང་ཞིག་ཞུ་ཡོད་པ་བཞིན་ཞལ་བཞེས་བཟང་པོ་ཐོབ་པ་གཏམ་བཟང་ཞུ་རྒྱུ་ཡིན། དེ་བཞིན་རིན་པོ་ཆེའི་མཛད་ཁོམ་དང་བསྟུན་ནས་བྱུང་ན་བཀའ་གདམས་གཞུང་པ་བའི་བསླབ་གཞི་གཞུང་བློ་སྦྱོང་ཚིགས་བརྒྱད་མ་དང་དོན་བདུན་མ་གཉིས་ཀྱི་བཤད་ལུང་ཞིག་ཀྱང་ཞུ་འདོད་ཡོད།
དེ་ག་ནང་བཞིན་ལོ་འདི་གང་གི་མཚན་སྙན་ས་གསུམ་ན་ཁྱབ་པའི་མཉམ་མེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གཞན་དོན་དུ་བདེ་བར་གཤེགས་ནས་བགྲང་བྱ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་བརྩིས་ནས་འཛམ་གླིང་ཡུལ་གྲུ་གང་སར་མཛད་སྒོ་སྣ་མང་ཞིག་བྱས་དང་བྱེད་བཞིན་པའི་ཁོངས་ནས་རང་ཅག་བལ་ཡུལ་དགེ་ལྡན་ལྷན་ཚོགས་ནས་ཀྱང་འཕྲལ་ཕུག་གཉིས་ནས་ཕུག་དང་སྤྱི་སྒེར་གཉིས་ནས་སྤྱི་ལ་གལ་ཆེ་བར་རྩིས་པའི་མཛད་རིམ་མི་འདྲ་བ་གསུམ་ཙམ་བྱ་འཆར་ཡིན་པས་ཉིན་ཤས་ནས་རིམ་པས་གསལ་བསྒྲགས་ཞུ་རྒྱུ་ཡིན།
ལོ་བརྒྱ་ཕྲག་རེ་ནས་ཐེང་རེ་ཙམ་འོང་རྒྱུའི་ད་ལོའི་མཛད་རིམ་དེ་སྲུང་བརྩི་བྱ་རྒྱུ་འབྱུང་བ་ང་རང་ཚོ་ཚང་མ་སྐལ་བཟང་གི་གོས་སྐབས་བཟང་པོ་ཞིག་རེད། དེ་ཙམ་དུ་མ་ཟད་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་ཞུས་ན་ད་ལོའི་འཇང་དགུན་ཆོས་དེའང་ལོ་ངོ་བཅུ་ཧྲིལ་པོ་འཁོར་བའི་ལོ་ཞིག་ཡིན་པ་ཚང་མ་ལ་དགའ་སྟོན་གྱི་ལོ་ཞིག་ཀྱང་ཡིན། དེ་ལྟར་སོང་ཙང་ད་ལོའི་ལོ་འདིའི་འཇང་དགུན་ཆོས་དེའང་དུས་ཁྱད་པར་ཅན་གཉིས་འཛོམས་ཀྱི་དམིགས་གསལ་ཞིག་ཆགས་ཀྱི་ཡོད་སྟབས་ང་རང་ཚོ་དགེ་སློབ་ཚང་མས་སྔར་ལས་ཀྱང་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན།
དེའང་སློབ་གཉེར་བ་རྣམ་པ་ཚོས་འཇང་དགུན་ཆོས་འདིའི་རིང་གནང་ཡ་ནི་སྔ་དྲོ་རང་དགོན་དུ་ཆད་ལུས་མེད་པ་ཐོས་འབྱུང་གི་ཤེས་རབ་འཕེལ་སླད་དཔེ་ཁྲིད་ཞུ་རྒྱུ་དང་གཅིག
དཔེ་ཁྲིད་སྐབས་གང་ཐོས་པ་རྣམས་བསམ་འབྱུང་གི་ཤེས་རབ་འཕེལ་སླད་རྩོད་པ་ཧུར་ཐག་གནང་རྒྱུ་དང་གཉིས།
ཉིན་བར་དོགས་པ་ཆོད་པ་རྣམས་སྒོམ་འབྱུང་གི་ཤེས་རབ་འཕེལ་སླད་ཡང་ནས་ཡང་དུ་དྲན་གསོ་དང་སྦྲགས་རང་རྒྱུད་ལ་སྦྱོར་ཐབས་བྱ་རྒྱུའི་བྱ་བ་གསུམ་པོ་འདི་ལ་འཐུས་ཤོར་མེད་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ།
ཀོ་པཱན་དགོན་གྱི་དགེ་བཤེས་མིང་ཅན་པ་ཐུབ་བསྟན་ཤེས་རབ་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ལ།