ད་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་འདི་གར་བོ་དོང་པན་ཆེན་གྱི་གདན་ས་སྤ་རོང་དཔལ་མོ་ཆོས་སྡིངས་སུ་བལ་ཡུལ་དགེ་ལྡན་འཇང་དགུན་ཆོས་ཆེན་མོ་ཐེང་དགུ་པ་དེ་ལེགས་པར་གྲུབ་ཟིན་པའི་མཛད་སྒོ་ལ་དངོས་སུ་ཕེབས་པའི་སྐུ་མགྲོན་གྱི་གཙོ་བོ་བོ་དོང་མཆོག་སྤྲུལ་རིན་པོ་ཆེ་གཙོས། དམིགས་གསལ་སྐུ་མགྲོན་རྣམ་པ་དང་། སྐྱེ་འགྲོ་ཀུན་ལ་བྱམས་བརྩེ་ལྡན་ཞིང་ཁྱད་པར་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བདེ་ལག་ཏུ་འགོད་སླད་ཉིན་མཚན་ཀུན་ཏུ་དེ་དག་གི་སློབ་གཉེར་དང་། སློབ་གསོ། དེ་བཞིན་བསླབ་བྱ་རྩོལ་བ་ལ་ངལ་བ་ཅུང་ཟད་ཀྱང་མི་བཞེད་མཁན་གྱི་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སླད་གོམ་པ་གཅིག་ཡིན་ནའང་མདུན་སྐྱོད་ཡོང་བ་ལ་ངལ་བ་ཁྱད་བསད་དང་། འཁོར་བའི་ཕུན་ཚོགས་ལ་རྒྱབ་ལོག་སྟེ་ཁྱད་པར་དེང་སང་གི་འཛམ་གླིང་ཇི་ཙམ་འཁྲུག་ཆ་དོད་ཀྱང་དེ་དག་གི་མགོ་སྐོར་འོག་ལ་མ་ཚུད་པར་ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ལ་གཞོལ་བཞིན་པའི་དགོན་སྡེ་ཁག་གི་སློབ་གཉེར་བ་རྣམ་པ། འདིར་དངོས་སུ་ཕེབས་མ་ཕེབས་ལ་མ་ལྟོས་པར་འཇང་དགུན་ཆོས་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་གནང་མཁན་སྤྱིན་བདག་ཁག་དང་གྲོགས་པོ་རྣམ་པ་བཅས་སེར་སྐྱ་ཡོངས་ལ་གུས་པ་འཚམས་འདྲིས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

སྐབས་དགུ་པའི་འཇང་དགུན་ཆོས་འདི་ལེགས་པར་གྲུབ་པའི་གྲུབ་འབྲས་སུ་དགེ་འདུན་པ་མཉམ་བཞུགས་གནང་མཁན་ཡོངས་ནས་ཐོས་བསམ་སྒོམ་གསུམ་ཟེར་ནའང་འདྲ། འཆད་རྩོད་རྩོམ་གསུམ་ཟེར་ནའང་འདྲ། གང་ལྟར་རྗེ་རིན་པོ་ཆེས་”དང་པོར་ཐོས་པ་རྒྱ་ཆེར་མང་དུ་རྩལ།” གསུངས་པ་ལྟར་རང་ཅག་སློབ་པ་ལམ་གྱི་གནས་སྐབས་སུ་ནང་ཆོས་ཉམས་སུ་ལེན་རྒྱུ་དེ་ལ་གོ་དགོས་པ་ཡིན། དེ་ལ་གོ་ལུགས་དེའང་འདྲ་མིན་ཞིག་ཡོད་པའི་ནང་ནས་དཔྱད་རྩོད་ཀྱི་ཐབས་ལམ་འདི་ལ་བརྟེན་ནས་གོ་བ་ནི་སྟོན་པའི་བསྟན་པ་ལ་ཡི་ཆས་གསུམ་ག་བདེ་ལག་འདྲེན་ཐུབ་པའི་ཐབས་ལམ་བླ་ན་མེད་པ་ཞིག་ཡིན་པ་རེད། དེ་འདྲའི་ལུགས་བཟང་དེ་བལ་ཡུལ་ནང་སྔ་མོ་ནས་དགོན་པ་སོ་སོའི་ནང་ཇི་ལྟར་ཡོད་མིན་གང་ལྟར་ཀྱང་། བལ་ཡུལ་འཇང་དགུན་ཆོས་ཆེན་མོ་ཞེས་པ་འདི་ཕྱི་ལོ་ ༢༠༠༩ ནས་དངོས་སུ་ཚུགས་ཏེ་ད་ལོའི་ཐེང་དགུ་པ་དེ་ལེགས་པར་གྲུབ་པ་ཀུན་གྱི་མཁྱེན་གསལ་རེད། དུས་ཡུན་འདིའི་རིང་སློབ་གཉེར་བ་ཚོས་བལ་ཡུལ་ནང་དགོན་སྡེ་ཆེ་ཕྲ་ཁག་ནས་འཇང་དགུན་ཆོས་འདིའི་ཕན་ཡོན་དང་གལ་གནད་ལ་གཟིགས་ནས་ད་བར་ཀུན་གྱིས་རྒྱབ་སྐྱོར་དང་རོགས་རམ་དངོས་ཤུགས་བརྒྱུད་གསུམ་ནས་གནང་ཡོད། ལྷག་པར་དུའང་འཇང་དགུན་ཆོས་འཁོར་རིམ་གྱི་ནང་བཞུགས་ནས་འགན་བཞེས་གནང་བ་ནི་ཕན་ཐབས་ཧ་ཅང་ཆེན་པོ་བྱུང་ཡོད། དེར་སོང་ད་ལོར་བོ་དོང་པན་ཆེན་གྱི་གདན་ས་སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་བཅས་དགོན་ཁག་དགུ་ལེགས་པ་འཁོར་ཟིན་པ་ཡིན་པས་ཚང་མ་ལ་ཐུགས་རྗེ་ཆེ་དང་དྲན་རྟེན་མཚོན་བྱེད་ཀྱི་གཟེང་སྟོད་ཕྱག་འཁྱེར་ཞིག་འབུལ་རྒྱུ་ཡིན། ཁྱད་པར་དུའང་བོ་དོང་པན་ཆེན་གྱི་གདན་ས་སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་ནས་འཇང་དགུན་ཆོས་འདིའི་དགེ་ཕན་རང་ལ་གཟིགས་ནས་འདི་ལྟར་འགན་བཞེས་གནང་བར་འདི་གའི་མཁན་བླ་འདུས་མང་ཡོངས་ལ་གུས་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་དང་ཆབ་གཅིག་བཤད་སྲོལ་ལ་འདས་པ་ལས་ཀྱང་འོང་རྒྱུ་རིང་ཟེར་བ་ལྟར་ང་ཚོ་ཚང་མ་མདུན་སྐྱོད་བྱ་དགོས་པ་ཡིན་པས་འདིར་ཕེབས་པའི་སྒེར་དང་། དགོན་སྡེ། ཚོགས་སྡེ་ཚང་མས་སེམས་ཤུགས་སྔར་ལས་ལྷག་པ་བཞེད་ནས་རབ་ལ་འཇང་དགུན་ཆོས་འཁོར་རིམ་ནང་བཞུགས་ནས་འགན་བཞེས་གནང་རྒྱུ་དང་། དེ་ལྟར་མ་བྱུང་ནའང་དགེ་འདུན་པ་དབོར་འདྲེན་གྱི་འཁོར་གླའི་ཆེད་སྦྱིན་བདག་གམ་ཡང་ན་ཞལ་འདེབས་འབུལ་ཐུབ་པ་བྱུང་ནའང་ཧ་ཅང་གི་ཕན་སྟབས་ཆེན་པོ་འདུག་པས་དེ་ལྟར་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།

འཇང་དགུན་ཆོས་འཁོར་རིམ་ནང་བཞུགས་པའི་དགོན་སྡེ་ཁག་ལའང་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད། དེ་གང་ལགས་གསུངས་ན་ང་རང་ཚོའི་སྒྲིག་གཟི་ནང་འཁོར་རིམ་ཡོངས་རྫོགས་ཚར་བ་ནས་འཇང་དགུན་ཆོས་དང་དགེ་རྒྱུགས་སོགས་ཀྱི་འགྲོ་གྲོན་ཚང་མ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ནས་གཏོང་རྒྱུར་འཁོད་ཡོད་ཀྱང་། ད་ལྟའི་བབ་ལ་ལྟས་ན་དེ་འདྲ་རང་བྱེད་ཐུབ་ཐབས་མི་འདུག་པས་སླར་ཡང་ཚང་མ་ལ་དགོངས་བཞེས་གནང་རོགས་ཞུ་རྒྱུ་དེ་ཡིན། ནམ་ཞིག་ཤེས་ཡོན་ལྷན་ཚོགས་ནས་གཏན་གཏན་སྒྲིག་གཞིའི་དགོངས་དོན་ལྟར་སྒྲུབ་ཐུབ་པའི་ཉི་མ་ཞིག་འཆར་རྒྱུ་་རེད་ལ། དེའི་སྐབས་སྒྲིགས་གཞིའི་དགོངས་དོན་མ་སྒྲུབ་པར་སྡོད་ཀྱང་མི་ཐུབ་ལ་སྡོད་རྒྱུ་ཡང་མེད།

ད་ག་ནང་བཞིན་འཇང་དགུན་ཆོས་ཆེན་མོ་སྐབས་དགུ་པ་འདི་ལེགས་པར་གྲུབ་པ་ནི་མི་མང་པོ་ཞིག་ལ་ལྟོས་ཡོད། དེར་སོང་འཇང་དགུན་ཆོས་འདིའི་རིང་འཛིན་སྐྱོང་གནང་མཁན་དང་། སྒྲིག་ལམ་གཟིགས་རྟོག་གནང་མཁན་དང་།་སྡོམ་དབུ་སྐུལ་མཛད་མཁན་བཅས་དབུ་ཆོས་དགེ་གསུམ་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་མཛད་བཟང་འདི་ལྟ་བུ་སྒྲུབ་པ་ལ་མེད་ན་མེད་ཐབས་ཀྱི་བཀའ་དྲིན་ཆེ་བའི་དགོན་སྡེ་ཁག་གི་དཔེ་ཁྲིད་རྒན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་དགེ་འདུན་པ་རྣམས་ཀྱི་ཞལ་ལག་དུས་ཐོག་ཏུ་ཚ་ཐོག་ལ་འབུལ་གནང་མཁན་མ་ཆེན་དང་ཁོང་གི་ལས་རོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་རྒྱངས་སྒྲགས་(ཞལ་པར)སྒྲིག་འཛུགས་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ཡར་ཚོགས་དང་མར་གྲོལ་མཛད་སྒོ་གཉིས་ཀར་ལ་གསོལ་ཇ་འདེགས་འབུལ་གནང་མཁན་ཀོ་པཱན་བཙུན་དགོན་གྱི་བཙུན་མ་རྣམས་ལ་དམིགས་གསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ག་ནང་བཞིན་འཇང་དགུན་ཆོས་འདི་ལ་དད་གུས་སྤྲོ་གསུམ་གྱིས་སྒོ་ནས་ཞལ་འདེབས་འབུལ་མཁན་དང་དགེ་འདུན་དམངས་ལ་སྙེན་བཀུར་ཞུ་མཁན་སྦྱིན་བདག་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གང་ལྟར་ད་ལོའི་འཇང་དགུན་ཆོས་ཐེང་དགུ་པ་དེ་ལེགས་པར་སྒྲུབ་པའི་གོང་གསལ་ལས་བྱེད་རྣམ་པ་དང་ཁྱད་པར་དུའང་གྲྭ་ཚང་འདིའི་དབུ་འཛིན་རྒན་པདྨ་རྡོ་རྗེ་མཆོག་ལ་དགེ་ལྡན་ལྷན་ཚོགས་ཀྱི་ངོས་ནས་དམིགས་གསལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་མ་འོང་པར་ཡང་མུ་ཐུད་འདི་ལྟར་ཚོགས་རྒྱུ་ཡོང་བའི་རེ་བ་དང་བཅས། བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ། དགེ་བཤེས་ཐུབ་བསྟན་ཤེས་རབ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ལ་ཕུལ།

Leave a Reply

Your email address will not be published. Required fields are marked *